ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་བྲག་ཚང་དཀར་ཆུ་མཛོད་ལས་གྲྭ་ཞིབ་བཤེར་རྩིས་ལེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བྲག་ཚང་དཀར་ཆུ་མཛོད་ཀྱི་ལས་གྲྭའི་ཞིབ་བཤེར་རྩིས་ལེན་གྱི་དམིགས་ཚད་ཁག་ལ་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གི་རྩིས་ལེན་ཐོབ་པ་དང་། རྣམ་གྲངས་འཛུགས་སྐྲུན་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

བྲག་ཚང་དཀར་ཆུ་མཛོད་ལས་གྲྭ་དེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཁྱབ་གདལ་བཏང་བའི་ཚབ་འཛུགས་ལམ་ལུགས་ཚོད་ལྟའི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། 2018ལོའི་ཟླ་5ཚེས་16ཉིན་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་རྣམ་གྲངས་ཀྱི་ཐོག་མའི་ཇུས་འགོད་ལ་མཆན་འགོད་བཀའ་ལན་སྤྲད་པ་ནས་བཟུང་། ལོ་གསུམ་ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་སྤུས་ཚད་དང་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་སྟེ“འཆི་རྨས་དང་ལས་འཛོལ་གཅིག་ཀྱང་མི་ཐོན་པའི”བདེ་འཇགས་ཐོན་སྐྱེད་དམིགས་ཚད་རྣམ་གྲངས་མཇུག་མ་འགྲིལ་བར་རྒྱུན་འཁྱོངས་ཐུབ་ནས་རང་སྐྱོང་ལྗོངས་དང་། ཆབ་མདོ་གྲོང་ཁྱེར། སྨར་ཁམས་རྫོང་བཅས་ལ་ཚད་ལྡན་དང་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་ཕུལ་བ་རེད།

རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་འཛུགས་སྐྲུན་དོ་དམ་སྒྲིག་གཞི་བཙུགས་ནས་ཆེད་མི་སྐོང་འཐེན་གྱིས་རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་དང་། སྒྲིག་འཛུགས་མཐུན་སྦྱོར། ཨར་ལས་འཕེལ་རིམ་བཅས་ལ་ཁྱོན་ཡོངས་ནས་འགན་འཁུར་དུ་བཅུག་ཡོད། ལས་གྲྭའི་ཚབ་འཛུགས་ལམ་ལུགས་ལག་བསྟར་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། འཛུགས་སྐྲུན་ཚན་པས་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་དབར་སྦྲེལ་མཐུད་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཁ་གསབ་མ་དངུལ་དོན་འཁྱོལ་བྱས་ནས། ལས་གྲྭ་གཙོ་བོ་རྒྱུན་གཏན་ལྟར་བདེ་བླག་ངང་སྐྲུན་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ཡོད། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་ཨར་ལས་སྒྲིག་འཛུགས་འཆར་གཞི་དང་མ་དངུལ་འཇོག་པའི་འཆར་གཞི་བཟོས་ཏེ། ལས་ཡུན་ལྡོག་སྒྲིག་དང་དུས་ཚོད་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་མཛོད་འཛུགས་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤུས་ཚད་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།