ཁ་བསླུས་ཉེས་གསོག་བཀག་འགོག་གིས། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།

—— ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་བྱ་སྤྱོད་སྤེལ་བཞིན་པ།

འདི་ལོ་ཚུན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། ཁ་བསླུས་ལ་རྡུང་རྡེག་དང་འདེད་ལེན་གྱི་ལས་དོན་སྤེལ་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་གྱོད་འབྲེལ་མ་དངུལ་ཁག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཕྱིར་སློག་བྱས་པས་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་དང་སྤྱི་ཚོགས་བདེ་སྲུང་གི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།

e87c037d-0221-4953-8d1f-3ce8f1f98cb9.jpg

འདི་ནི་ཀརྨ་དགོན་གསར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དོགས་ཟོན་ལས་དོན་ཐད་བགྲོ་གླེང་བྱེད་བཞིན་པ།

འདི་ལོའི་ཟླ་3ཚེས་26ཉིན། ལྷ་སའི་གྲོང་མི་ཞིག་ལ་སྐད་འཕྲིན་ནས་གྲོགས་པོར་བསྣན་རོགས་ཞེས་པའི་རེ་ཞུ་ཞིག་འབྱོར། གྲོགས་པོར་བསྣན་རྗེས་ཁོ་པས་ཕ་རོལ་པོས་བཤད་པ་བཞིན་དྲ་ཚིགས་ཤིག་གི་ནང་འཛུལ་ནས་APPཞིག་ཕབ་ལེན་བྱས་པ་མ་ཟད། དྲ་ཚིགས་དེའི་ནང་དངུལ་བླུགས་པས་མ་དངུལ་སྒོར་221734.05ཁ་བསླུས་ཐེབས་པ་རེད།

གྲོང་མི་དེའི་གྱོད་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས(གཤམ་དུ“ཁ་བསླུས་ངོ་རྒོལ་ལྟེ་གནས”ཞེས་བསྡུ་རྒྱུ)ཀྱི་ལས་དོན་མི་སྣས་འཕྲལ་མར་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་དང་འབྲེལ། ཟླ་4ཚེས་5ཉིན་གྱོད་འབྲེལ་དངུལ་ཁང་གཱ་9དང་མ་དངུལ་སྒོར་ཁྲི་15ལྷག་ཙམ་བདེ་བླག་ངང་བསྡམས་བཅད་བྱས་པ་རེད། དུས་མཇུག་གི་རྩིས་ཁྲ་ཞིབ་རྩད་བྱས་པ་བརྒྱུད་བསྡམས་བཅད་བྱས་པའི་མ་དངུལ་སྒོར་29400ནི་གྲོང་མི་དེའི་མགོ་སྐོར་ཐེབས་པའི་དངུལ་ཡིན་པ་གཏན་འཁེལ་བྱས་པ་རེད།

འབྲེལ་ཡོད་གཏན་འབེབས་ལྟར། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཟླ་4ཚེས་29ཉིན་དངུལ་སྒོར་29400གྲོང་མི་དེའི་རྩིས་ཁྲའི་ནང་ཕྱིར་སློག་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས“དམངས་འཚོར་ཞབས་འདེགས་ཞུ་བ་དང་། ཁེ་དབང་འགན་ལེན་བྱེད་པ། མང་ཚོགས་ཀྱི་གྱོང་གུན་ཆུང་དུ་གཏོང་བ”བཅས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ནས། ལས་འགན་རྨང་གཞིར་བྱེད་པ་དང་། བྱ་སྤྱོད་དམ་འཛིན་བྱ་གཞིར་བྱེད་པ། དྲིལ་བསྒྲགས་གཙོ་གནད་དུ་བྱེད་པ་བཅས་བྱས་ཏེ་གྱོད་གཞི་མྱུལ་ཞིབ་ཧུར་ཐག་བྱེད་པ་དང་དུས་མཚུངས། བསྡམས་བཅད་བྱས་པའི་མ་དངུལ་དུས་ཐོག་ཏུ་མང་ཚོགས་ལ་ཕྱིར་སློག་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།

འདི་ལོའི་ཟླ་གསུམ་པར་ལྷ་སའི་གྲོང་མི་ཞིག་གིས་འཁྱུག་དབྱིངས་ནས་རྒྱུས་མངའ་མེད་པའི་སྐྱེས་པ་ཞིག་ངོ་ཤེས་པ་དང་སྐད་འཕྲིན་ནང་བསྣན་རྗེས་ཕ་རོལ་པོས་APPཞིག་ཕབ་ལེན་བྱེད་དུ་བཅུག་ནས་མ་འཇོག་གིས་རྒྱུ་ནོར་བདག་གཉེར་ལ་ཁ་གཡར་ཏེ་མ་དངུལ་སྒོར་97909ཁ་བསླུས་བརྒྱབ་པ་རེད།

གྱོད་དོན་སྙན་སེང་འབྱོར་རྗེས། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་འཕྲལ་དུ་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་བ་དང་འབྲེལ། ཟླ་3ཚེས་27ཉིན་གྱོད་འབྲེལ་དངུལ་ཁང་གཱ་2དང་མ་དངུལ་སྒོར་ཁྲི་3ལྷག་ཙམ་བསྡམས་བཅད་བྱས་པ་རེད། དུས་མཇུག་གི་རྩིས་ཁྲ་ཞིབ་རྩད་བྱས་པ་བརྒྱུད་བསྡམས་བཅད་བྱས་པའི་མ་དངུལ་སྒོར་7000ནི་གྲོང་མི་དེའི་མགོ་སྐོར་ཐེབས་པའི་དངུལ་ཡིན་པ་གཏན་འཁེལ་བྱས།

འབྲེལ་ཡོད་གཏན་འབེབས་ལྟར། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཟླ་4ཚེས་29ཉིན་མ་དངུལ་སྒོར་7000གྲོང་མི་དེའི་རྩིས་ཁྲའི་ནང་ཕྱིར་སློག་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། ཁ་བསླུས་རྒྱག་པའི་བྱེད་སྤྱོད་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་གྲོང་མི་མང་པོ་ཞིག་ལ་མགོ་སྐོར་ཐེབས་ཡོད། མི་དམངས་མང་ཚོགས་ཚོའི་རང་ངོས་ཀྱི་ཉེན་ཟོན་འདུ་ཤེས་དང་ཁ་བསླུས་གསལ་འབྱེད་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ཏེ། “མི་ཚང་མ་དེའི་ནང་ཞུགས་པ་དང་མི་ཚང་མས་དྲིལ་བསྒྲགས་བྱེད་པའི”རྣམ་པ་བཟང་པོ་ཧུར་ཐག་གཏོད་ཆེད། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་དོགས་ཟོན་བྱ་ཐབས་ནུས་ལྡན་སྤྱད་དེ་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་བཟོས་པ་དང་། བབ་བསྟུན་སྣ་མང་གི་གློག་འཕྲིན་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱ་ཐབས་སྤྱད་དེ་མང་ཚོགས་ལ་ཉེན་ཟོན་རྒྱུན་ཤེས་ཁྱབ་གདལ་དང་། འཕྲལ་སྡོམ་ཐག་གཅོད་བྱ་ཐབས་འགྲེལ་བཤད་བརྒྱབ་ནས་ས་གནས་ས་ཐོག་ཏུ་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

དྲིལ་བསྒྲགས་བྱེད་སྒོའི་ཁྲོད། མི་དམངས་ཉེན་རྟོག་པས་ཁེ་ལས་དང་བྱ་གཞག་ཚན་པ་དང་། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་། དེ་མིན་མི་ཚོགས་མང་བའི་འདུ་གནས་དང་སྲང་ལམ་བཅས་སུ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པའི་འགན་འཁྲིའི་ཡི་གེ་འཇོག་པ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་པའི་རྒྱུན་སྤྱོད་གཡོ་ཐབས་དང་དེ་བཞིན་ཇི་ལྟར་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་དང་ཁ་བསླུས་རྒྱག་པའི་གཡོ་ཐབས་དབྱེ་འབྱེད་བྱེད་སྟངས་ངོ་སྤྲོད་བྱས་པས། མང་ཚོགས་ཀྱི་ཁ་བསླུས་ལ་དོགས་ཟོན་དང་ངོ་རྒོལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་ཕྱིན་པ་དང་། ཁ་བསླུས་ལ་དོགས་ཟོན་བྱེད་པའི་ཁྲོད་མི་ཚང་མ་ཞུགས་ཐུབ་པ་དང་ཞི་མཐུན་སྤྱི་ཚོགས་ལས་མི་ཚང་མར་ཕན་པ་ཐོབ་པའི་བརྩོན་ལེན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་གིས་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ། ལས་ཡུལ། བོགས་གཏོང་ཁང་པ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་དུད་བཅས་ལ་གསོ་སྦྱོང་གི་རྣམ་པར་བརྟེན་ནས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPམཉེན་ཆས་ཕབ་ལེན་དང་ཐོ་འགོད་ཀྱི་བརྒྱུད་རིམ་འགྲེལ་བཤད་བརྒྱབ་པ་དང་བྱ་ཐབས་རབ་དང་རིམ་པ་བརྒྱུད། APPམཉེན་ཆས་ཀྱི་ནུས་པའི་སྐོར་བོད་ཡིག་ཏུ་བསྒྱུར་ཏེ་མི་དེ་བས་མང་བས་ཇི་ལྟར་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་དགོས་པ་ཤེས་རྟོགས་ཐུབ་པ་བྱས་ཡོད།

གསར་འགོད་པས་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2019ལོ་ཧྲིལ་པོར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རིམ་རྩིས་བྱས་ན་མང་ཚོགས་ལ་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་350ལྷག་ཙམ་འདེད་ལེན་བྱས་ཡོད། ལྷ་སའི་སྤྱི་བདེས་རྒྱ་ཆེའི་གྲོང་མིར་དྲ་ཐོག་གི་དངུལ་བུན་ཁ་བསླུས་དང་། ངོ་ཤེས་ལ་བརྫུས་ནས་ཁ་བསླུས་རྒྱག་པ། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལ་བརྫུས་ནས་ཁ་བསླུས་རྒྱག་པ་སོགས་ཐོན་མང་བའི་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་སོགས་རྒྱལ་ཁབ་ལས་ཁུངས་ཀྱིས་ཁ་པར་ཐོག་ནས་གྱོད་གཞི་སྒྲུབ་གཉེར་གཏན་ནས་བྱེད་མི་སྲིད་ལ། གཱ་ནས་དངུལ་གང་བྱུང་དུ་བསྒྱུར་འཇུག་མི་སྲིད། དྲ་རྒྱའི་ཡོང་ཁུངས་མི་གསལ་བའི་ཆ་འཕྲིན་ལ་ཡིད་ཆེས་བྱེད་མི་རུང་བ་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་། དངུལ་ཁང་གཱ་ཡི་ཨང་གྲངས། ར་སྤྲོད་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་ནན་པོ་བྱས་ནས་གཞན་ལ་ཤོད་རྒྱུ་མེད་པ་དང་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པ་བྱེད་དགོས།

གྲོང་མི་དང་མང་ཚོགས་ཚོས་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁ་བསླུས་ལ་དོགས་ཟོན་དང་གསལ་འབྱེད་འདུ་ཤེས་ཟབ་ཏུ་བཏང་སྟེ། གཱ་ནས་དངུལ་བསྒྱུར་བའི་ཐོལ་བྱུང་གནས་ཚུལ་འཕྲད་སྐབས་རྒྱུས་མངའ་མེད་པའི་མིའི་རྩིས་ཁྲར་དངུལ་བསྒྱུར་མི་རུང་། གལ་ཏེ་ཁ་བསླུས་ཐེབས་པའི་གནས་ཚུལ་འཕྲད་ཚེ་ཐད་ཀར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གྱོད་དོན་སྙན་སེང་ཞུ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།