གྲོང་གསེབ་ཀྱི་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་བྱས་ནས་ཐོན་ལས་ལ་གསོན་ཤུགས་སྦྱིན་པ།

—— བོད་ལྗོངས་ཀྱིས་ཞིང་འབྲོག་ལས་ཐོན་ལས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་བཀོད་པ།

འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་གཏོང་བ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྩ་བའི་ཐབས་ཇུས་ཤིག་ཏུ་བརྩིས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་མང་ཚོགས་ལ་འབབ་འཕར་གཏོད་གང་ཐུབ་ཀྱིས་བོད་ཀྱི་དོན་དངོས་དང་མཐུན་པའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།

རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་བ།

དབུལ་སྐྱོར་ཡུན་རིང་བྱེད་དགོས་ལ་ཡུན་རིང་གི་ཐོན་ལས་ཀྱང་དགོས་པ་དང་རྣམ་གྲངས་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ཐོན་ལས་ཀྱི་རྣམ་གྲངས་རེ་རེའི་ནུས་པ་གང་ལེགས་བཏོན་ཚེ་གཞི་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་གཏིང་ཤུཌ་ཚད་མེད་འཕེལ་སྲིད།

འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱིས་ལག་བསྟར་བྱས་ཟིན་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་3055ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་དང་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་བའི་རྣམ་གྲངས་880ཡི་གཉེར་སྐྱོང་དོ་དམ་སོགས་ལ་བརྒྱུད་རིམ་ལྡན་པའི་ངང་ཚོད་སྐོར་བྱས་པ་དང་ཆབས་ཅིག ནོར་སྲིད་དང་། གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཨུ་ལྷན། དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་དང་མཉམ་དུ་རྒྱུ་ནོར་གཙང་བཤེར་གྱི་ཚོད་ལྟའི་ལས་དོན་སྤེལ་ཏེ་ས་ཁུལ་དང་གྲོང་ཁྱེར་7གྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་7ལ་རྒྱུ་ནོར་གཙང་བཤེར་གྱི་ཚོད་ལྟའི་ལས་དོན་ལེགས་སྒྲུབ་བྱས་པ་དེ་མ་དངུལ་སྒོར་དུང་ཕྱུར་9.24དང་འབྲེལ་བ་ཡོད་པ་དང་། དབུལ་སྐྱོར་ཐོན་ལས་ཀྱི་རྒྱུ་ནོར་དོ་དམ་བྱེད་སྟངས་རིམ་བཞིན་འཚོལ་ཞིབ་ཐུབ་ཡོད།

མིག་སྔར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་331དང་། རིམ་ཁག་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་162 ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་12696 རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་ཆ་འཕྲིན་མ་ལག་ཏུ་ཚུད་པའི་ཁྱིམ་ཚང་ཞིང(འབྲོག)ར་9666བཅས་ཀྱིས་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པའི་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།

གནོད་མེད་ཞིང་ལས་མཐའ་འཁྱོངས་བྱས་ནས་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་བཏང་བ།

ཞིང་ལས་གནོད་མེད་ཅན་དང་། སྤུས་ལེགས་ཅན། ཁྱད་ལྡན་ཅན། སྤུས་རྟགས་ཅན་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་ནི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་ཚད་ལེགས་གཏོང་། ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བའི་འདེཌ་སྐྱོར་གལ་ཆེན་དང་རྒྱུན་སྲིང་སྒུལ་ཤུགས་ཤིག་རེད། “ཐོན་རྫས་གསུམ་དང་ས་ཁམས་མཚོན་རྟགས་གཅིག”འཕེལ་རྒྱས་གཏོང་བ་ནི་གནོད་མེད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་ཐབས་ལམ་ནུས་ལྡན་ཞིག་རེད་ལ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཡག་ཏུ་གཏོང་བ་དང་བདེ་འཇཌ་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

འདི་ལོ་ནས་བཟུང་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“ཐོན་རྫས་གསུམ་དང་ས་ཁམས་མཚོན་རྟགས་གཅིག”རིམ་སྤོར་བྱ་སྤྱོད་ལག་བསྟར་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ“ཐོན་རྫས་གསུམ་དང་ས་ཁམས་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་227མང་དུ་ཕྱིན་ནས་བསྡོམས་འབོར་920ཟིན་ཡོད་པ་རེད།

སྣེ་འདྲེན་ཁེ་ལས་ཀྱིས་བསྔགས་བརྗོད་འཐོབ་ཐབས་དང་སྤུས་རྟགས་གཏོད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས“བོད་ཁུངས”ནས་ཆང་དང་། “ས་མཐོ་སྔོ”ཚགས་ཤ་སོས་པ། “བདག་དམར་གཡང”རྒུན་ཆང་རིགས། “ཧི་མ་ལ་ཡའི”ས་མཐོའི་ཇ་སོགས་ཁེ་ལས་ཀྱི་གྲགས་ཅན་སྤུས་རྟགས་ཀྱི་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།

རིགས་ཁག་གི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོས་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་འདུས་ལ་བསྟུད་མར་ཐེངས་18ཞུགས་པ་དང་། ཇའི་དངོས་མང་སྟོན་ཚོགས་དང་ཞིང་ལས་ཉོ་ཚོང་ཚོང་འདུས་སོགས་ཀྱི་ལས་སྟེགས་བརྒྱུད་སྤུས་རྟགས་འོས་སྦྱོར་རྒྱ་ཁྱབ་བྱས་པར། རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོང་གི་གསེར་གྱི་བྱ་དགའ་ཐོབ་པའི་ཐོན་རྫས་43ཡོད་པ་རེད།

ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ།

ཉེ་ཆར། བོད་ལྗོངས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་དང་ལྷོ་ཁའི་བོད་བྱའི་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྤུ་རིང་གྲོང་ཚོར་གཉེར་བ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ཐོན་ལས་གླིང་དེའི་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ཟིན་ཞིང་། མ་དངུལ་སྒོར་དུང་ཕྱུར་3.5གཏོང་རྩིས་ཡོད་པ་དང་གཞི་ཁྱོན་སྒོང་བྱ་ཁྲི་100ཡི་ཐོན་སྐྱེད་ལས་སྣོན་ཐུབ་པའི་བོད་ལྗོངས་ཧུང་ནུང་དུས་ཐེངས་གཉིས་པའི་རྣམ་གྲངས་ཟླ་11པར་ལས་འགོ་བཙུགས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སྔོན་དཔག་བྱས་ན་རྣམ་གྲངས་ཧྲིལ་པོར་ལོ་རེར་བྱ་དེ་ཁྲི་4000ཙམ་བཤས་གཏོང་ཐུབ་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4ལྷག་ཙམ་ཟིན་རེ་ཡོད། བྱ་ཕྲུག་གསོ་ཡུལ་དུ་བྱ་དེ་ཁྲི་500ལྷག་ཙམ་གསོས་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་6000ཟིན་རེ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་གོང་འཕེལ་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5142བཏང་ནས“ནས་ཀྱི་སོན་རྒྱུ་གསར་གཏོད་དང་སོན་གསོའི”ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་པ་དང་། རིམ་རྩིས་བྱས་ན་སྒོར་ཁྲི་4378བཏང་ནས“བོད་ཀྱི་ཁྱད་ལྡན་སྒོ་ཕྱུགས་འདེམས་གསོ་དང་བདེ་ཐང་གསོ་སྤེལ”གྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཤིང་། འབྲི་གཡག་དང་། བོད་ཕག བོད་བྱ། བོད་ལུག བཞོན་མ(བཤས་ཕྱུགས)འདེམས་གསོ་དང་བདེ་ཐང་གསོ་ཚགས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་བཅས་བརྒྱུད་རིམ་ལྡན་པའི་ངང་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཧུར་ཐག་བཏང་བ་དང་གྲོང་གསེབ་དར་རྒྱས་ཀྱི་གཙོ་ཁྲིད་ཐོན་ལས་སྦྲེལ་མཐུད་ནུས་ལྡན་བྱས་པ་རེད།

མིག་སྔའི་བར་བོད་ལྗོངས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་གི་ཐོན་སྐྱེད་སྒྲིག་བཀོད་གཙོ་བོ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། རྣམ་གྲངས་ལ་ལས་མི་300ལྷག་ཙམ་བཀོལ་སྤྱོད་བྱས་རྗེས། མི་120ལྷག་ཙམ་ལས་ཞུགས་ཐུབ་པ་དང་ཟླ་རེར་ཆ་སྙོམས་གླ་ཆ་སྒོར་6000ཙམ་ཟིན་གྱི་ཡོད།

“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་ཡག་པ། ཡུལ་སྲོལ་ལེགས་པ། སྤྱི་ཚོགས་བདེ་འཇགས། མི་སེར་ཕྱུག་པ”བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་ས་མཐོའི་ས་གཞི་ཆེན་པོར་རིམ་བཞིན་མངོན་བཞིན་མཆིས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།