​བོད་ལྗོངས་སློབ་ཆེན་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་དམ་འཛིན་ཏན་ཏིག་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་སློབ་གྲྭའི་འཕེལ་རྒྱས་ཀྱི“རྩ་གནད”ལ་བརྩི་རྒྱུ་མཐའ་འཁྱོངས། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དེ་སློབ་གྲྭའི་འཕེལ་རྒྱས་ཀྱི“བླ་སྲོག”ལ་བརྩི་བ་བཅས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་འཛིན་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བསམ་བློའི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ། བསམ་བློ་དང་ཆབ་སྲིད་ཀྱི་ཕན་འབྲས་དངོས་ཤུགས་ཆེར་གཏོང་བ་བཅས་སློབ་གྲྭ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་སྐྱེད་སྲིང་བྱེད་པའི་སྲ་ཞིང་བརྟན་པའི་གཡུལ་ས་ཞིག་ཏུ་འགྱུར་བའི་འགན་ལེན་བྱས་པ་རེད།

བོད་ལྗོངས་སློབ་ཆེན་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧྭ་གོ་རུའེ་ཡིས། སློབ་གྲྭས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། 《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཏང་འཛུགས་སྐྱོང་གི“བསམ་འཆར་1དང་། ཚད་གཞི་4 མ་ལག་1”བཅས་གཏན་ལ་ཕབ་ནས་ལག་བསྟར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད། “སློབ་མར་དོ་དམ་དང་། སློབ་གསོ་སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་ལ་ཐོན་པའི་གཞི་རིམ་ཏང་ཀྲི་པུའི་ཆབ་སྲིད་ཀྱི་འགག་སྒོའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་དགེ་སློབ་ཏང་ཡོན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བར་ཁྲིད་སྟོན་དང་། བསམ་བློར་ཁྲིད་སྟོན་དང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ་སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་ནང་མཉམ་འདྲེས་ཐུབ་པ། སློབ་ཁང་འདི་ཉིད་བརྗོད་དོན་གཙོ་བོ་དར་སྤེལ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ། འཇོན་ཐང་ཆེར་གཏོང་། ཀུན་སྤྱོད་བློ་སྦྱོང་མཐོར་གཏོང་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བ་བཅས་བྱས་པ་དང་འབྲེལ། དགེ་རྒན་གྱི་བསམ་བློ་དང་ཆབ་སྲིད་ལས་དོན་ཁྲོད་ཀྱི་དགེ་རྒན་གྱི་ཏང་ཀྲི་པུའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་དགེ་རྒན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིས“སྣེ་ཁྲིད་པ་གཉིས”གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་མཚོན་གྱི་ཀྲི་པུའུ་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

2018ལོར་བོད་ལྗོངས་སློབ་ཆེན་རྒྱལ་ཡོངས་མཐོ་སློབ་ཀྱི“སྣེ་ཁྲིད་པ་གཉིས”ཀྱི་དགེ་རྒན་གྱི་ཏང་ཀྲི་པུའི་ལས་དོན་ཁང་སྐྲུན་པའི་མིང་ཐོ་ཁག་དང་པོར་ཚུད་པ་དང་། བོད་ལྗོངས་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང“རྒྱལ་ཡོངས་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཚད་ཤིང་སློབ་གླིང་དང་ཚན་ཁག”ཁག་དང་པོར་ཚུད་པ། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་རྨང་གཞིའི་རིག་གཞུང་པུའུ་དང་གསོ་རིག་ཚོད་ལྟའི་ལྟེ་གནས་ཀྱི་དགེ་རྒན་གྱི་ཏང་ཀྲི་པུའུ་སོགས་ཀྲི་པུའུ་གཉིས“རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དཔེ་སྟོན་ཀྲི་པུའུ”ཁག་དང་པོར་ཚུད་པ། 2021ལོར་བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་མི་རིགས་ཁྲིམས་ལུགས་རིག་པའི་ཞིབ་འཇུག་སློབ་མའི་ཏང་ཀྲི་པུའུ་རྒྱལ་ཡོངས་ཀྱི“ཞིབ་འཇུག་སློབ་མའི་དཔེ་སྟོན་ཏང་ཀྲི་པུའུ་བརྒྱར”ཚུད་པ་རེད།

བོད་ལྗོངས་སློབ་ཆེན་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཟླ་བས། སློབ་གྲྭས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཙོ་རྐང་དུ་བྱེད་པ་དང་། ནུས་ལྡན་བྱ་ཐབས་མང་པོ་ཞིབ་འཇུག་བྱས་ནས་འདོན་པ། ལོ་ལྟར་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་20ལྷག་ཙམ་འཚོགས་པ། ཆེད་དོན་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཟུར་ཁྲིད་ཀྱི་དཔྱད་ཡིག་དུས་ཐོག་ཏུ་རྩོམ་སྒྲིག་བྱས་ནས་སྤྲོད་པ། སློབ་གྲྭ་རིམ་པའི་བསམ་བློ་ཆབ་སྲིད་ཀྱི་ཆེད་དོན་ཞིབ་འཇུག་བྱ་གཞི་འདོན་པ། རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་བགྲོ་གླེང་སྤེལ་རེས་བཅས་བྱས་ནས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གྲུབ་འབྲས་མངོན་གསལ་དོད་པོར་བརྟེན་ནས་ལག་ལེན་ལ་མཛུབ་ཁྲིད་དང་ལས་ཀར་སྐུལ་འདེད་གཏོང་གི་ཡོད། ལྗོངས་ཡོངས་སུ་སྔོན་ལ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་ས་གནས་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། སློབ་གསོ་པུའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན“ཞིང་ཆེན་རེར་ཐབས་ཇུས་རེའི”འདུ་འགོད་དུ་བཅུག་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

2017ལོར་བོད་ལྗོངས་སློབ་ཆེན་ལ་སྐབས་དང་པོའི་རྒྱལ་ཡོངས་ཤེས་དཔལ་སློབ་གྲྭའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2018ལོར་སྐབས་དང་པོའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་སློབ་གྲྭའི་གཟི་བརྗིད་མཚན་སྙན་ཐོབ་པ། 2018ལོར་བོད་ལྗོངས་སློབ་ཆེན་གྱིས“ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་སྐབས་གསུམ་པའི“ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱེད་པའི”བྱེད་སྒོ་རབ་དང་རིམ་པའི་དཔེ་སྟོན་རྣམ་གྲངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།