ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པས་ཁྲིམས་སྐྱོང་གི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་དྲོ་སྐྱིད་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པས“སློབ་གྲྭ་བརྒྱར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ལ་སྲུང་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ལ་མཐོང་ཆེན་བྱས་ནས་ཇི་ལྟར་བྱས་ཏེ“ཁྲིམས་སྐྱོང་སློབ་གླིང་དུ་ཁྱབ་གདལ་གཏོང་བའི”ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ཁྲིམས་སྐྱོང་ཞབས་ཞུའི་སྟོང་ཆ་མེད་པར་བཟོས་ཐོག་ཁྲིམས་སྐྱོང་སློབ་གསོ་ཕྱོགས་ཚང་མར་ཁྱབ་རྒྱུར་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་བཞིན་ཡོད།

སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་དང་དབུ་མ་ཐང་ཤང་དང་། སྙེ་མོ་རྫོང་མར་རྐྱང་ཤང་དང་། བྲག་སྐོར་ཤང་། གཞུ་སྨད་ཤང་། ཆུ་ཤུར་རྫོང་ཚ་རགས་ཤང་དང་རྟ་དཀར་ཤང་། མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དང་རུ་ཐོག་ཤང་། ལྷུན་གྲུབ་རྫོང་ཐང་མགོ་ཤང་དང་ཕུ་མདོ་ཤང་སོགས་ཐག་རིང་ཤང་གྲོང་གི་སློབ་གྲྭར་བསྐྱོད་དེ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་50དང་སློབ་མ་ཁྲི་2ལྷག་ཙམ་ལ་ཁྲིམས་སྐྱོང་སྐོར་གྱི་འཆད་ཁྲིད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སློབ་གསོ་སྲིད་འཛིན་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་སློབ་གསོ་དང་སློབ་གྲྭའི་རྒྱུན་གཏན་སློབ་ཁྲིད་ཟུང་དུ་འབྲེལ་བའི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ་སློབ་གསོ་སྡེ་ཚན་དང་མཉམ་དུ་གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྔོན་འགོག་གི“འགོག་སྲུང་གྱང”བསྐྲུན་ཐོག་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་གཅེས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།