ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ལིན་ཧྲང་ལི་དང་བཅས་པས་བོད་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཐོ་སློབ་ཀྱི་དགེ་སློབ་འཐུས་མི་དང་ཕན་ཚུན་སྤེལ་རེས་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23དང24ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། དྲུང་ཆེ་བཅས་ཡིན་པའི་ལིན་ཧྲང་ལི་དང་བཅས་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གཙང་རལ་སྡེ་ཁུལ་དང་བོད་ལྗོངས་སློབ་ཆེན་སོགས་སུ་ཕེབས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད་བོད་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་། མཐོ་སློབ་ཀྱི་དགེ་སློབ་འཐུས་མི་དང་ཕན་ཚུན་སྤེལ་རེས་བྱས་ནས་ཁོང་ཚོས་བཏོན་པའི་འབྲེལ་ཡོད་གནད་དོན་གསལ་འགྲེལ་གནང་བ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གཙང་རལ་སྡེ་ཁུལ་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་གསན་རྗེས་ལིན་ཧྲང་ལིས་ཚང་མའི་གཏམ་བཤད་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང། འབྱུང་འགྱུར་ལ་བཅངས་པའི་རེ་སྨོན། དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་ཡིད་ཆེས་དང་ཆོད་སེམས་བཅས་ཟབ་མོ་ཚོར་བྱུང་ཞེས་གསུངས་པ་དང་། ཚང་མས་བཏོན་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བ་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་དང་ཟུང་འབྲེལ་ཇི་ལྟར་བྱེད་དགོས་པ་དང་། སྦྱངས་པ་གོ་ཆོད་དང་ལས་ཀར་སྐུལ་འདེད་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ལིན་ཧྲང་ལིས་ཁག་སོ་སོར་ལན་ཞིབ་ཕྲ་བརྒྱབ་པ་རེད།

བོད་ཀྱི་མཐོ་སློབ་ཀྱི་དགེ་སློབ་འཐུས་མི་དང་བཞུགས་མོལ་གནང་སྐབས། ལིན་ཧྲང་ལིས་དགེ་སློབ་འཐུས་མིའི་གཏམ་བཤད་གསན་པ་དང་འབྲེལ་དགེ་སློབ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས་རྒྱ་ཆེའི་དགེ་རྒན་དང་གཞོན་ནུ་སློབ་མ་ཚོས“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཟམ་མི་ཆད་པར་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཟམ་མི་ཆད་པར་ཐུབ་པ་བཅས་བྱེད་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོར་མི་ཚེའི་རྒྱལ་ཁ་ལེན་པའང་དེ་དང་གཅིག་མཚུངས་ཡིན་ཏེ། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ལ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་ཉིད་ཀྱི་བྱ་གཞག་ལ་དགའ་ཞེན་དང་། དོན་དངོས་ལ་གཞི་ཚུགས་པ། དངོས་ཐོག་བདེན་འཚོལ། ཏན་ཏན་ཏིག་ཏིག རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བཅས་བྱས་ཚེ། གནམ་ས་གསར་པ་ཞིག་གཏོད་ཐུབ་ལ། རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་མི་ཚེར་ཡང་གྲུབ་འབྲས་འཐོབ་སྲིད་པ་གསལ་བཤད་བྱས་ཡོད་ཅེས་གསུངས་པ་རེད།

རང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཐོ་སློབ་ཀྱི་དགེ་སློབ་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་ཡང་འབད་བསྐྱར་འབད་ཀྱིས་སློབ་སྦྱོང་གི་ཕན་འབྲས་ལས་སྒྲུབ་ལས་གཏོད་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་པར་བྱས་ནས་དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་ཡག་པོ་བསྐྱོད་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།