བོད་ལྗོངས་ཀྱིས་དམངས་འཚོ་ལེགས་བཅོས་ཐད་མ་དངུལ་འབོར་ཆེེན་བཏང་བ།

1.jpg

པར་འདི་ནི་དུས་ཆེན་ལ་རོལ་བའི་མང་ཚོགས་ཡིན།

2.jpg

པར་འདི་ནི་ཡུལ་གཞན་དུ་གནས་སྤོ་བྱས་རྗེས་ཀྱི་སྡོད་ཁང་ཡིན།

3.jpg

པར་འདི་ནི་སྐོར་བྲོ་འཁྲབ་བཞིན་པའི་མང་ཚོགས་རྣམས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་ཚེས25ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་བོད་ལྗོངས་མང་ཚོགས་ཀྱི་ཟས་གོས་འགྲོ་འདུག་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ལ། དེའི་ནང་བདེ་ཐང་ཇ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། གྲུམ་བུ་ཚིགས་ཆེན་གྱི་ནད་དང་ལྷན་སྐྱེས་སྙིང་ནད་རགས་བཤེར་སྨན་བཅོས་ཡག་པོ་བྱེད་པ། ཐག་རིང་ལུང་ཁུག་གི་དགོན་སྡེའི་ཆུ་གློག་གནད་དོན་ཐག་གཅོད་སོགས་དམངས་འཚོ་དང་འབྲེལ་བའི་དོན་ཚན13ཚུད་ཡོད།

ཚེས25ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ལྷ་ས་ནས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། བོད་ལྗོངས་ཡོངས་སུ“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

བོད་ལྗོངས་དམངས་ཚོགས་ལ་གནའ་སྔ་མོ་ནས་ཇ་འཐུང་བའི་གོམས་གཤིས་ཡོད་མོད། འོན་ཀྱང་དེའི་རྒྱུ་ཆའི་ནང་དུ་རྫས་འགྱུར་གྱི་གཞི་རྒྱུ་ཧྥུལ་འདུས་པས་ཡུན་རིང་ཚད་ལས་བརྒལ་ནས་བེད་སྤྱོད་བྱས་ཚེ། སོ་དང་རུས་པ། ལུས་ཡོངས་ཀྱི་ཕྱིར་འབུད་ནུས་པ་བཅས་ལ་གནོད་པ་ཆེན་པོ་བཟོ་བཞིན་ཡོད། དེ་སྔོན་བོད་ལྗོངས་ཀྱིས་རྫོང་དང་ཆུས74ཇ་སྤྱོད་རང་བཞིན་གྱི་ཧྥུལ་དུག་ཕོག་ཁུལ་དུ་གཏོགས་པ་གཏན་འཁེལ་བྱས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2021ལོར་བོད་ལྗོངས་ཀྱིས་སྐོར་གསུམ་བགོས་ནས་ལྗོངས་ཡོངས་ཀྱི་རོང་འབྲོག་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། དགོན་སྡེའི་གྲྭ་བཙུན་བཅས་མི་ཁྲི306ལ་རིན་མེད་སྒོས་རྫས་འགྱུར་གཞི་རྒྱུ་ཧྥུལ་ཉུང་བའི་ཇ་མཁོ་སྤྲོད་བྱེད་རྩིས་ཡོད། མིག་སྔའི་བར་དུ། བོད་ལྗོངས་ཀྱི་ཁེ་ལས་ཁག་གིས་ཧྥུལ་ཉུང་བའི་ཇ་ཏུན8359ཐོན་སྐྱེད་བྱས་ཏེ། ཤང་དང་གྲོང་རྡལ ཁྲོམ་གཞུང་དུ་ཏུན7043སྐྱེལ་པ་དང་། དེས་སྤྱིའི་སྐྱེལ་ཚད་ཀྱི76.7%ཟིན་པ་དང་། འབྲེལ་ཡོད་གཏོང་སྤྲོད་ལས་དོན་འཆར་གཞི་ཟླ12པའི་ཟླ་མགོར་མཇུག་རྗོགས་རྒྱུ་རེད།

བོད་རང་སྐྱོང་ལྗོངས་སྡོད་ཁང་ཤང་གྲོང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཅང་ཡའོ་ཞ་ཡིས། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར10.35དོན་འཁྱོལ་བྱས་ནས་རོང་འབྲོག་ཁུལ་གྱི་དུད་ཚང་ཁྲི4.36གི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་པ་དང་། 2020ལོ་ནས2021ལོའི་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོ་གཉིས་ནང་དུ་མ་དངུལ་སྒོར་དུང་ཕྱུར6.27དོན་འཁྱོལ་བྱས་པ་མ་ཟད། འགུལ་རྣམ་གསར་འཕར་གྱི་གཙོ་གནད་ཁ་གཏད་བྱ་ཡུལ4དང་ཞིང་པའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ལག་བསྟར་བཅས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་བདེ་འཇགས་འགན་ལེན་ལེགས་པོ་བྱས་ཡོད།

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས། བོད་ལྗོངས་ཀྱིས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་ལ་སྨན་རིན་མི་དགོས་པར་གཤགས་བཅོས་བྱེད་པ་དང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་དང་། གཟུགས་རྫུན་གྱི་ལྷུ་ཚིགས། རྒྱུ་ཆ་བཅས་སྨན་བཅོས་འགན་བཅོལ་དང་ནོར་སྲིད་ཀྱིས་བསྡུར་ཚད་ལྟར་སྤྲོད་དགོས་ལུགས་ཁ་གསལ་བཏོན་ཡོད། མིག་སྔའི་བར་དུ། བོད་ལྗོངས་སུ་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན3598དང་རུས་ཚིགས་ཀྱི་ནད་གཞན་ཕོག་པའི་ནད་པ5225ཡོད་པ་དང་། གཤགས་བཅོས་ཆ་རྐྱེན་དང་མཐུན་ཞིང་དེའི་འདུན་པ་ཡོད་པའི་ནད་པ1274ཟིན་ཡོད། ཐོག་མར་གྲུམ་བུ་ཚིགས་ཆེན་གྱི་སྤྱིར་བཏང་གི་གཤགས་བཅོས་བྱ་རྒྱུ་དང་། རྗེས་སུ་ནད་གཞི་རྙོག་འཛིང་ཆེ་བའི་ནད་ཕོག་མཁན་ལ་གཤགས་བཅོས་དང་སྨན་བཅོས་བྱེད་པའི་ལས་དོན་རིམ་བཞིན་སྤེལ་རྒྱུ་རེད་ཅེས་བཤད།

ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྨན་བཅོས་ཐད། 2012ལོ་ནས་བཟུང་། བོད་ལྗོངས་ཀྱིས་བྱིས་པའི་ལྷན་སྐྱེས་སྙིང་ནད་ཆེད་དོན་སྨན་བཅོས་ལས་དོན་སྤེལ་ཞིང་། 2020ལོའི་ལོ་མཇུག་བར་དུ་མི་ཐེངས་ཁྲི350ལྷག་ལ་བརྟག་དཔྱད་བྱས་པ་དང་། བྱིས་པ5682ལ་ལྗོངས་ཕྱི་ནང་གི་སྨན་ཁང་དུ་གཤགས་བཅོས་བྱས་ཤིང་། “མང་ཆེ་ཤོས་རྩ་བ་ནས་དྲག་སྐྱེད་བྱུང་ནས་བྱིས་པ་ཚོའི་ཚེ་གང་གི་བདེ་ཐང་དང་བདེ་སྐྱིད་ལ་རྨང་གཞི་ཡག་པོ་བཏིང་ཡོད”ཅེས་ཐན་ཤང་ཏུང་གིས་བཤད། 

གཞན་ཡང་། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་མཐའ་མཚམས་ཐག་རིང་ལུང་ཁུག་གི་དགོན་སྡེའི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱས་ཤིང་། མིག་སྔའི་བར་དུ། མ་དངུལ་སྒོར་ཁྲི195བཏང་ནས་ས་གནས་སོ་སོའི་དགོན་སྡེ49ལ་ཆུ་གློག་སྒྱུར་བཀོད་བྱས་ཏེ། དགོན་པ39སྒྱུར་བཀོད་བྱས་ཚར་བ་དང་། ལྷག་མའི་དགོན་པ10ལ་སྒྱུར་བཀོད་ལས་དོན་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་ན་ཟླ12པའི་ཟླ་མགོར་ཡོངས་སུ་ལེགས་འགྲུབ་བྱུང་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།