ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་དམ་པོར་དམིགས་པ། ཤིན་ཏུ་དབུལ་བའི་ས་ཁུལ་ལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ནས་གནད་སྨིན་ཇུས་བསྟར་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་དབུལ་སྒྲོལ་གྱི་ལམ་བུ་བརྟན་པོ་ཞིག་ཐོག་བསྐྱོད་ཡོད།
2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཡི་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་བསལ་ཡོད། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དེ་སྔའི་མང་ཚོགས་དབུལ་པོས་ཏང་གི་སྲིད་ཇུས་བཟང་པོ་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།
ཐག་གཅོད་དམག་འཐབ་ཀྱི་དུང་བརྡ་གྲགས་པ།
ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ཉུང་མི་རུང་ལ་གཅིག་ཀྱང་རྗེས་སུ་ལུས་མི་རུང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་ཤུགས་ཆེན་དང་དམིགས་བསལ་ཐུགས་ཁུར་གནང་སྟེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཀྱི་ཐད་བོད་ལ་གཙོ་གནད་ཐོག་ཐུགས་ཁུར་དང་དམིགས་བསལ་གཟིགས་སྐྱོང་གནང་ཡོད།
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་མ་དངུལ་རེ་ཞུ་བྱས་ཏེ་སྒེར་རྩེ་རྫོང་རི་དམར་གྲོང་ཚོར་བྱེ་རྡོ་ར་བ་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་འབྲི་གཡག་གསོ་སྤེལ་སོགས་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་པ། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་གི་ལས་བྱེད་པ་འཕྲིན་ལས་དབང་མོས་ལམ་ཐག་རིང་ལ་ལམ་ཡག་པོ་མེད་པའི་དངོས་ཡོད་དཀའ་ངལ་ཁྱད་དུ་བསད་དེ་ཤང་དེ་ཡོངས་ཀྱི་གྲོང་ཚོ་དང་ཚོགས་ཆུང་ཚང་མར་བསྐྱོད་ནས་དབུལ་པོའི་གནས་ཚུལ་མཐིལ་རྟོགས་བྱས་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་རང་ཉིད་ཀྱི་སྟོབས་ཤུགས་ཧུར་ཐག་བཏོན་ནས་རྔུལ་ཆུ་དང་། ཁྲག་དྲོན། ཐ་ན་ཚེ་སྲོག་བཅས་ལ་བརྟེན་ཏེ་འབད་འཐབ་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན་པའི་དད་སེམས་མཚོན་པར་བྱས་ཡོད།
དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱབ་ལྗོངས་ན་ཏང་ཡོན་ལས་ཧུར་ཐག་ཞུགས་པའི་གཟུགས་བརྙན་ཡོད་ལ་ཀྲུང་དབྱང་ནས་ཐོབ་པའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བས་ཀྱང་ཡོད།
1994ལོ་ནས་2020ལོ་བར། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་9ལ་བགོས་ནས་ཕུལ་བྱུང་ལས་བྱེད་པ་9682བོད་སྐྱོར་ལ་མངགས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་རྣམ་གྲངས་ཁག་6330ལ་རོགས་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་527བཏང་ཡོད།
2020ལོའི་ཟླ་10པའི་ཟླ་མཇུག་བར། ཀྲུང་དབྱང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་3136བཏང་བ་དེ་འཆར་འགོད་མ་དངུལ་བསྡོམས་འབོར་གྱི་17.3%ལས་བརྒལ་བའི་ནང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ཚུད་པའི་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
གཡུར་ཟའི་འབྲས་བུ་ཐོབ་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་བཙུགས་ཚུན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ཤུགས་ཆེན་བྱས་པ་བརྒྱུད། 2016ལོར་བོད་ཀྱི་རྫོང་དང་ཆུས་དབུལ་པོ་5སྔོན་ལ་དབུལ་ཞྭ་ཕུད་ཐུབ་པ་དང་། 2017ལོར་བོད་ཀྱི་རྫོང་དང་ཆུས་25ཡི་དབུལ་ཞྭ་ཕུད་པ། 2018ལོར་སླར་ཡང་རྫོང་དང་ཆུས་25དབུལ་སྒྲོལ་ཐུབ་པ། 2019ལོར་བོད་ཀྱི་རྫོང་དང་ཆུས་མཐའ་མ་19ཡི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། 2020ལོར་མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལས་བརྒལ་ཏེ་དབུལ་པོ་དབུལ་ནག་གི་གནད་དོན་རྦད་དེ་བསལ་ཡོད།
2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་དམག་འཐབ་ཆེན་པོ་དང་ཡིག་རྒྱུགས་ཆེ་མོའི་ཁྲོད་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། མི་དམངས་བློ་ཡིད་ཚིམ་པ། ལོ་རྒྱུས་དེབ་ཐེར་ནང་འགོད་ཐུབ་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
2020ལོར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་སྟེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་གློག་ཤུགས་དྲ་བ་ཁེར་རྐྱང་འཁོར་སྐྱོད་ཀྱི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་འགོ་ཚུགས་པ་དང་། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་ཐུབ་པ་བཅས་བྱུང་ཡོད།
བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། ལྷ་ས་ནས་ཉིང་ཁྲི་བར་དང་། ནག་ཆུ་ནས་ལྷ་ས་བར། གོང་དཀར་གནམ་ཐང་ནས་རྩེད་ཐང་བར། གཞིས་རྩེ་གནམ་ཐང་གི་རིམ་མཐོའི་གཞུང་ལམ་བཅས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་མགྱོགས་མྱུར་སྐྲུན་བཞིན་ཡོད། ལྕགས་ལམ་སྐྱེལ་འདྲེན་གྱི་ལམ་ཚད་སྤྱི་ལེ་954ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་སྤྱི་ལེ་253རིང་དུ་ཕྱིན་ཡོད།
2020ལོར་བོད་ཀྱི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་95%ཟིན་པ་དང་ངལ་རྩོལ་ལོ་ཚད་ཀྱི་མི་འབོར་གཙོ་བོར་སློབ་གསོ་ཐོབ་པའི་ལོ་ཚད་ལོ་10.2ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བཅས་ཀྱི་འགུལ་རྣམ་མེད་པར་འགྱུར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
རི་ཁུལ་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ཁྱིམ་ཚང་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི“འབྱོར་འབྲིང་ཁང་པར”སྡོད་རྒྱུ་བྱུང་ནས་གློག་དང་དྲ་རྒྱ་ཤར་གཏོང་ཐུབ་པ་དང་། ཕྱུག་འགྱུར་ལམ་བུ་ཡངས་སུ་ཕྱིན་པ། མི་རྣམས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་ཡོད།
“གྲོང་ཚོའི་ནང་གི་བཅུ་ཆ་བརྒྱད་ཡན་གྱི་ཁྱིམ་ཚང་ཚང་མར་རླངས་འཁོར་ཆུང་གྲས་ཡོད་པ་དང་། ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་པར‘འགན་ལེན་གསུམ’གྱི་སྲིད་ཇུས་བཟང་པོ་ཡོད་པ། ནད་ཕོག་པར་སྨན་བཅོས་འགན་སྲུང་ཡོད་པ་བཅས་བྱུང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་སྔོན་བསམ་བློར་ཡང་གཏོང་མི་ཕོད་པ་ཞིག་ཡིན་པས་ང་ཚོས་དེ་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་ཕ་ཡུལ་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་འདི་ལོ་ལོ་79ལ་སླེབས་པའི་བགྲེས་སོང་ཕུར་བུས་མྱོང་ཚོར་ཟབ་མོའི་ངང་བཤད།
བདེ་སྐྱིད་ལྡན་པའི་མ་འོངས་ཕྱོགས་སུ་སྐྱོད།
ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱིས“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ། རྫོང(ཆུས)74ཡི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། དབུལ་སྒྲོལ་ས་ཁུལ་གྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་གོང་མཐོར་བཏང་ནས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཅོན་གྱིས་གསར་འགོད་པར“གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། ང་ཚོས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་བྱེད་སྒོ་ཁག་སྤེལ་བ་དང་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་མང་ཚོགས་དེ་བས་མཐུན་སྒྲིལ་དང་དེ་བས་གོང་བུ་འགྲིལ་ཤུགས་ལྡན་པར་བྱས་ཡོད”ཅེས་བཤད།
མེ་ཏོག་རྫོང་བདེ་ཞིང་ཤང་ཧོ་ར་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ལས་དོན་རུ་ཁག་ཁག་དགུ་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། གྲོང་གསེབ་དར་རྒྱས་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐད་རྨང་གཞི་བཏིང་བ་དང་ཕུགས་ལ་བསམ་བློ་བཏང་སྟེ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་ཏང་ཡོན་མང་ཚོགས་དང་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་ནས་གྲོང་མི་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་ཡོང་འབབ་གསོག་ཐུབ་པར་བྱས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐུལ་སྤེལ་ཤུགས་ཆེན་འོག་གྲོང་ཁྱེར་དང་ས་ཁུལ་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་མཐའ་གཅིག་ཏུ་བཏང་སྟེ་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་བྱེད་ཐབས་དངོས་བཏོན་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་ནས། ཐུན་མོང་འབྱོར་ཕྱུག་གི་བརྗིད་ཆེའི་ལེའུ་གངས་ལྗོངས་ས་མཐོར་རྩོམ་བཞིན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དབུལ་སྒྲོལ་འགག་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད།