ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་ས་ཁུལ་གྱི་གནོད་འགོག་གེགས་སེལ་གྱི་འཕྲལ་བསྟུན་གེགས་སེལ་དངོས་ཟོག་གསོག་འཇོག་དང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ནུས་ལྡན་སྒོས་ཆེ་རུ་གཏོང་ཆེད། ཉེ་སྔོན། བོད་ལྗོངས་མངའ་རིས་ས་ཁུལ་གྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ་ཡིས་ཕྱོགས་ཡོངས་ནས་རིགས་ཁག་གི་འཕྲལ་བསྟུན་གེགས་སེལ་དངོས་ཟོག་རྩིས་བཤེར་གྱི་ལས་དོན་སྤེལ་བ་རེད།
ཡུལ་དངོས་སུ་ལས་དོན་མི་སྣས་ས་ཁུལ་གྱི་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་དང་། རང་སྐྱོང་ལྗོངས་རིམ་པ། ས་ཁུལ་རིམ་པའི་འཕྲལ་བསྟུན་གེགས་སེལ་དངོས་ཟོག་ནང་སྲིང་བལ་གྱི་གྱོན་གོས་དང་། སྦྲ་གུར། འབྲས་སོགས་འཕྲལ་བསྟུན་གེགས་སེལ་གསོག་འཇོག་དངོས་ཟོག་ལ་རྩིས་བཤེར་བྱས་པ་རེད། མིག་སྔའི་བར། མངའ་རིས་ས་ཁུལ་གྱི་འཕྲལ་བསྟུན་གེགས་སེལ་དངོས་ཟོག་གསོག་འཇོག་མཛོད་དུ་དངོས་ཟོག་སྣ་ཁ56ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་གསོག་འཇོག་དངོས་ཟོག་སྣ་ཁ39དང་། རྫོང་རིམ་པའི་དངོས་ཟོག་གསོག་འཇོག་སྣ་ཁ54། རྫོང་ཁག་ཏུ་རང་སྐྱོང་ལྗོངས་རིམ་པའི་གསོག་འཇོག་དངོས་ཟོག་སྣ་ཁ40། རྫོང་དང་། ཤང་། གྲོང་རྡལ་ཁག་ཏུ་ས་ཁུལ་རིམ་པའི་གསོག་འཇོག་དངོས་ཟོག་སྣ་ཁ28བཅས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། འཕྲལ་བསྟུན་གེགས་སེལ་དངོས་ཟོག་གསོག་འཇོག་ནི་གནོད་འཚེའི་རོགས་སྐྱོབ་མ་ལག་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་བྱུང་གནོད་འཚེ་ཚབས་ཆེན་ལ་འཕྲད་པའི་སྐབས་སུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། མངའ་རིས་ས་ཁུལ་གྱིས་སྔ་རྗེས་སུ་གེགས་སེལ་དངོས་ཟོག་གསོག་འཇོག་མཛོད5བསྐྲུན་ཤིང་། དེའི་ནང་ས་ཁུལ་རིམ་པའི་དངོས་ཟོག་གསོག་འཇོག་མཛོད2དང་། རང་སྐྱོང་ལྗོངས་ཀྱི་དངོས་ཟོག་གསོག་འཇོག་མཛོད3བཅས་ཡོད། ས་ཁུལ་ཡོངས་སུ་འཕྲལ་བསྟུན་དངོས་ཟོག་གསོག་འཇོག་མཛོད་ཀྱི་རྣམ་གྲངས53དོན་འཁྱོལ་བྱས་ཤིང་། དེའི་ནང་ཀྲུང་དབྱང་གིས་མ་དངུལ་བཏང་ནས་རྣམ་གྲངས41འཛུགས་སྐྲུན་བྱས་པ་དང་། བོད་སྐྱོར་མ་དངུལ་བཏང་ནས་རྣམ་གྲངས12བསྐྲུན་པ་རེད། མིག་སྔར། ས་ཁུལ་རིམ་པའི་གེགས་སེལ་གསོག་འཇོག་མཛོད་ཀྱི་རྣམ་གྲངས2དང་། རྫོང་རིམ་པའི་གེགས་སེལ་གསོག་འཇོག་མཛོད་ཀྱི་རྣམ་གྲངས11། ཤང་རིམ་པའི་གེགས་སེལ་གསོག་འཇོག་མཛོད་ཀྱི་རྣམ་གྲངས30། གྲོང་ཚོ་རིམ་པའི་གསོག་འཇོག་མཛོད་ཀྱི་རྣམ་གྲངས10བཅས་ཚང་མ་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་ཚུགས་ཡོད།
རྗེས་མར། བོད་ལྗོངས་མངའ་རིས་ས་ཁུལ་གྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ་ཡིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས། དེ་བཞིན་མངའ་རིས་ས་ཁུལ་གྱི《འཕྲལ་བསྟུན་གེགས་སེལ་གསོག་འཇོག་དངོས་ཟོག་དོ་དམ་སྐོར་གྱི་བྱ་ཐབས》ཀྱི་འབྲེལ་ཡོད་བླང་བྱ་ལྟར། དངོས་ཟོག་མཛོད་འཇུག་དང་མཛོད་འདོན་གྱི་ལས་དོན་ལ་ཞིབ་བཤེར་ཆོག་མཆན་ནན་མོ་བྱ་རྒྱུ་ཡིན་པ་མ་ཟད། ཐོ་འགོད་ཞིབ་ཚགས་བྱས་ཏེ་མངའ་རིས་ས་ཁུལ་གྱི་འཕྲལ་བསྟུན་གེགས་སེལ་དངོས་ཟོག་གསོག་འཇོག་མཛོད་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད། “བཅད་གྲངས་གསོག་འཇོག་དང་། གནས་གཏན་འཁེལ་གྱི་དངོས་རྫས་གསོག་འཇོག གྲོས་མཐུན་བཞག་ནས་གནས་གཏན་འཁེལ་གྱི་གསོ་འཇོག ཆེད་དོན་དོ་དམ། རིན་མེད་བེད་སྤྱོད། འཕྲལ་མཁོ་འགན་ལེན”བཅས་རྩ་དོན་དུ་བྱས་ཏེ། ས་ཁུལ་ཡོངས་ཀྱི་གནོད་འགོག་གེགས་སེལ་གྱི་འཕྲལ་བསྟུན་གེགས་སེལ་དངོས་ཟོག་གསོག་འཇོག་དང་མཁོ་སྤྲོད་འགན་ལེན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས། གསོག་འཇོག་ཐུབ་པ་དང་། དོ་དམ་ཡག་པོ་ཐུབ་པ། བཀོད་གཏོང་ཐུབ་པ། བེད་སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མངའ་རིས་ས་ཁུལ་གྱིས་འཕྲལ་བསྟུན་གེགས་སེལ་དངོས་ཟོག་གསོག་འཇོག་ལས་དོན་ལ་སྐུལ་འདེད་བཏང་།