བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལྷོ་ཁར་ཕེབས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་ཉེ་དུས་ཁྲོམ་རའི་ལྟ་འདོམས་དང་། ལུས་རྩལ། སྦྲག་སྲིད་བཅས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་དམངས་འཚོའི་བྱ་བ་དངོས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་གྱི་ནུབ་རྒྱུད་ཞིང་ཞོར་ཐོན་ཟོག་ཁྲོམ་ར་དང་། ཁྲོམ་ར་ལྟ་འདོམས་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་ལྟེ་གནས། ལས་ཞོར་ལུས་རྩལ་སློབ་གྲྭ ཚོད་ལྟའི་བུ་བཅོལ་ཁང་གསུམ་པ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་ལྷོ་ཁ་གྲོང་ཁྱེར་ཡན་ལག་ཀུང་སིའི་ལས་གཉེར་ཚོམས་ཆེན། གྲ་ནང་རྫོང་ཞིང་ཞོར་ཐོན་ཟོག་ཁྲོམ་ར་སོགས་སུ་ཕེབས་པ་དང་གྲོང་ཁྱེར་དང་རྫོང་གི་ཁྲོམ་ར་གཙོ་བོའི་དམངས་འཚོའི་ཚོང་ཟོག་གི་རིན་གོང་མཁྱེན་རྟོགས་གནང་བ་དང་ས་གནས་ས་ཐོག་ཏུ་ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་ཞིབ་བཤེར་ཞིབ་དཔྱད་མ་ལག་དང་། ཞིང་ཞོར་ཐོན་ཟོག་ཁྲོམ་རའི་རིམ་སྤོར་སྒྱུར་བཀོད་ཚོད་ལྟའི་གནས། སློབ་གྲྭ ཁེ་ལས་བཅས་ཀྱིས་བཟའ་བཅའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་བཅས་ལ་ལྟ་ཞིབ་གནང་བ་མ་ཟད། ལུས་རྩལ་རྗེས་གྲབས་མི་སྣ་གསོ་སྐྱོང་དང་ལུས་རྩལ་ཁང་རིན་མེད་དམ་ཡང་ན་རིན་པ་ཕྲན་བུ་བླངས་ནས་སྒོ་མོ་འབྱེད་པ་དང་དེ་བཞིན་སྦྲག་ཐོག་མྱུར་སྐྱེལ་བདེ་འཇགས་དང་། ལས་རིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་གཞིགས་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་བཟའ་བཅའི་བདེ་འཇགས་དང་། ཚོང་ཟོག་མཁོ་སྤྲོད་རིན་གོང་། དམངས་ཡོངས་ལུས་སྦྱོང་། མྱུར་སྐྱེལ་སོགས་དམངས་འཚོའི་གནད་དོན་རེ་རེ་བཞིན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།