དགེ་བརྩོན་ཡར་ཐོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། བོད་ལྗོངས་ནས་མི་གཅིག་བདམས་པ་དང་མི་དགུ་མིང་འདོན་བྱས་ཡོད། དེའི་ནང་ཚེ་ལས་འདས་པའི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཉི་མ་བཀྲ་ཤིས་ལ“རྒྱལ་ཡོངས་ཀྱི་ལས་བཀུར་ལེགས་སྐྱེས་འབུལ་མཁན་དཔེ་བཟང་བ”དང་ལྷག་པ་སྒྲོལ་མ་སོགས་མི་9ལ་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་པ་རེད།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་དེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་རིང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ཟམ་མི་ཆད་པར་དར་སྤེལ་བཏང་བས། འཐབ་ཕྱོགས་ཁག་ཏུ་སྔོན་ཐོན་དཔེ་མཚོན་དང་དཔའ་བོ་དཔེ་བཟང་འབོར་ཆེན་ཞིག་ཐོན་ཡོད།

ཁོང་ཚོས་སྤྱིར་བཏང་གི་བྱ་སྤྱོད་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱི་ཐོག་ནས་བདེན་ལེགས་མཛེས་གསུམ་གྱི་སྟོབས་ཤུགས་མངོན་པར་བྱས་ཡོད། ཁོང་ཚོ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་དང་དར་སྲོལ་ཁྲིད་སྟོན་ནུས་ལྡན་བྱེད་མཁན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་མཁན་ཡིན་པས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དྲང་ནུས་ཆེན་པོ་དེ་བས་གཅིག་ཏུ་འདུས་ཡོད།

དཔེ་བཟང་བཏོད་པ་དང་མིག་དཔེའི་སྟོབས་ཤུགས་དར་སྤེལ་བཏང་བ།

ཉི་མ་བཀྲ་ཤིས་ཆུང་དུས་ནས་ནས་ཀྱི་ཕུགས་འདུན་འཆང་བཞིན་ཞིང་ལས་མཐོ་ཆེན་དུ་སློབ་གྲྭ་འགྲིམ། སློབ་མཐར་ཕྱིན་རྗེས་ཞིང་ལས་ལ་གཞོལ། ཁོང་གིས་ཚན་རིག་མཁས་ཅན་གྱི་བརྟན་སྲུང་ལ་བརྟེན་ནས་བོད་ཀྱི་ཞིང་ལས་ཐོན་སྐྱེད་དང་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་མ་ཟད། ཚེ་སྲོག་གི་མཐའ་མཇུག་ཏུའང་རང་ཉིད་ཀྱིས་དགའ་ཞེན་ཡོད་པའི་བྱ་གཞག་དོན་གཉེར་བྱས་ཡོད།

“འབད་འཐབ་ཡག་ཤོས”དང་། “དུས་རབས་ཀྱི་མིག་དཔེ”“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་ཐོབ་པའི་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་ཕྱུགས་འཚོས་ནས་མི་ཚེ་ཕྱེད་ཀ་ཙམ་མཐའ་མཚམས་བསྲུངས་ཏེ་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོའི་ཐོག་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་ཡོད།

“རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང”གི་གཟི་བརྗིད་མཚན་སྙན་ཐོབ་པའི་དབྱང་ཁྲང་ལིན་དང་ཚེ་རིང་བདེ་སྐྱིད་ཁྱོ་ཤུག་གཉིས་ཀྱིས་ཝུའུ་ཧན་མཐོ་སློབ་ཀྱི་བོད་རིགས་སློབ་མར“ཝུའུ་ཧན་གྱི་ཁྱིམ་གཞིས”བཙུགས་ཡོད། ཁྱོ་ཤུག་གཉིས་ཀྱིས་ཡོང་འབབ་ཀྱི་གསུམ་ཆ་གཅིག་ཙམ་སློབ་མ་དེ་དག་ལ་རོགས་རམ་བྱེད་ཀྱི་ཡོད། ཁོང་གཉིས་ལ་བོད་རིགས་ཀྱི་སློབ་མ་ཚོས་བརྩེ་བ་ཆེན་པོས“པཱ་ལགས”དང“ཨ་མ་ལགས”ཞེས་འབོད་ཀྱི་ཡོད།

མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྤྱོད་བཟང་རེ་རེ་ལས་ང་ཚོར་སེམས་འགུལ་ཆེན་པོ་མི་ཐེབས་པ་ག་ལ་སྲིད། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདེན་ལེགས་མཛེས་གསུམ་གསལ་པོར་མངོན་པ་དང་། ཁོང་ཚོས་སྤྱིར་བཏང་གི་ལས་གནས་ཐོག་རིན་ཐང་གཞལ་དུ་མེད་པའི་མཛད་རྗེས་ཀྱི་རྡོ་རིང་རེ་རེ་བཞེངས་པ། ཁོང་ཚོས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དོན་སྙིང་ལག་ལེན་བསྟར་བཞིན་མཆིས།

ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་རྒྱུ་དེ་ཀུན་སྤྱོད་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིར་དོན་འཁྱོལ་ཏན་ཏིག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། ཇུས་འགོད་ཞིབ་ཚགས། བཀོད་སྒྲིག་ཚགས་ཚུད་བཅས་བྱས་ནས་ལག་བསྟར་དང་མཉམ་འདྲེས་ཟུང་འབྲེལ་ཐད་ཤུགས་སྣོན་རྒྱག་པ་དང་། དོན་འཁྱོལ་ཞིབ་ཕྲ་དང་དོན་འཁྱོལ་ཏན་ཏིག་ཡོང་བའི་ཐད་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཀུན་སྤྱོད་ལ་མཐོང་ཆེན་དང་། སྤྱོད་བཟང་དར་སྤེལ་གྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས་པས། ལྗོངས་ཡོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

རིག་གནས་ཀྱི་སྦྲང་ཆར་ཟིལ་མས་བསམ་པའི་སེམས་ཀྱི་ཞིང་ས་གཤིན་པོ་བརླན་པར་བྱས།

མི་རིང་བའི་གོང་རང་ལྗོངས་ཀྱི་ལུས་རྩལ་ཕོ་རྒོད་ཚོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་རྩལ་འགྲན་རྣམ་གྲངས་ལ་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་2 མང་ཚོགས་ཀྱི་འགྲེམས་འཁྲབ་རྣམ་གྲངས་ལ་བྱ་དགའ་རིམ་པ་གསུམ་པ་2བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཕུལ་བྱུང་གྲུབ་འབྲས་ཐོབ་ནས་འགྲན་རར་ས་མཐོའི་བུ་ཕྲུག་ཚོའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད།

འདི་ལོའི་ཟླ་10ཚེས་10ཉིན་བོད་ཀྱི་ཐང་གའི་མཐུན་ཚོགས་དངོས་སུ་བཙུགས་ནས་གནའ་བོའི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སླར་ཡང་གསོན་ཤུགས་ཚད་མེད་རྒྱག་པར་བྱས་ཡོད།

བོད་ལྗོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་སྤྲོ་སེམས་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། སྲི་ཐར་རྡོ་རྗེ་ལོ་9ལ་སླེབས་མ་ཐག་ནས་གླིང་སྒྲུང་གྱེར་འདོན་ཡག་པོ་ཐུབ་ཀྱི་ཡོད། དེས་ན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད། ཁོང་གིས་སྔར་ནས་བཟུང་གླིང་སྒྲུང་རིག་པའི་ཞིབ་འཇུག་པ་བྱེད་རྒྱུའི་འདུན་པ་འཆང་བཞིན་ཡོད།

བོད་སྐད་ཡིག་རྒྱ་ཁྱབ་ངང་སྤྱོད་ཐུབ་པ་དང་། བོད་ཀྱི་གསོ་བ་རིག་པ་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ། ལྷ་མོར་དུས་རབས་ཀྱི་འོད་སྟོང་གསར་པ་འཕྲོ་བཞིན་མཆིས།

ལོ་ལྔའི་རིང་ལྗོངས་ཏང་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། གོང་འཕེལ། ཞིབ་འཇུག་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། གཞི་ཁྱོན་ཆེ་ལ་བརྒྱུད་རིམ་ལྡན་པའི་རིག་གནས་ཤུལ་བཞག་ཡོངས་བཤེར་དང་། འཚོལ་བསྡུ། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ལས་དོན་ཐེངས་མང་སྒྲིག་འཛུགས་བྱས་པས། ད་ལྟ་བརྟག་དཔྱད་ཐོ་འགོད་བྱས་པའི་རིག་དངོས་ས་ཚིགས་སྣ་ཚོགས་4277དང་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་1985ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་70ཡོད། 2018ལོའི་ལོ་མཇུག་ཏུ་དུས་བཀག་ལོ་10དང་མ་དངུལ་སྒོར་དུང་ཕྱུར་3བཏང་བའི་ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེ་ཡིག་ཚགས)སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱས་ཡོད།

ལོ་ལྔའི་རིང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཆད་མེད་པར་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་བཟོས་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཟམ་མི་ཆད་པར་བཏོད་པ་དང་ཕུན་སུམ་ཚོགས་སུ་བཏང་བས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟམ་མི་ཆད་པར་འཕེལ་རྒྱས་དང་དར་རྒྱས་ཕྱིན་ཡོད།

གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ།

2020ལོར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བཙུགས་ཚུན། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་རྫོང(ཆུས)ཀྱི་ལག་ལེན་ལྟེ་གནས་74དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ལག་ལེན་སུའོ་697 གྲོང་ཚོ(སྡེ་ཁུལ)གྱི་ལག་ལེན་ས་ཚིགས་5492བཅས་ཚང་མར་སྒོ་བྱང་བཀལ་ནས་ལས་དོན་གྱི་འཆར་འགོད་དང་། ལམ་ལུགས། བརྒྱུད་རིམ་བཅས་གཞི་རྩའི་ཆ་ནས་བཙུགས་ཏེ་བྱེད་སྒོ་བཀོད་སྒྲིག་དང་། བྱེད་སྒོ་སྤེལ་ཡུལ་སྤྱི་འདོམས། ཐོན་ཁུངས་ལེགས་སྒྲིག་བཅས་གོ་རིམ་ལྡན་པའི་ངང་བྱས་ཡོད།

ཤེས་དཔལ་གྱི་ལག་ལེན་གྱི་མེ་ཏོག་གངས་ལྗོངས་ས་མཐོའི་གང་སར་ཁྱབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རིམ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ད་ཆ་རང་ལྗོངས་ཀྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་མང་ཚོགས་ཀྱི་ཁྲོད་དུ་སྲིད་ཇུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གཏིང་ཟབ་བྱེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་འཇགས་རྒྱུར་སྐུལ་འདེད་གཏོང་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ལག་ལེན་བྱེད་སྒོ་ཐེངས་ཁྲི་50ལྷག་ཙམ་སྤེལ་ཡོད།

ལོ་ལྔའི་རིང་རང་ལྗོངས་ཀྱིས“ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྣམ་པ་སྣ་ཚོགས་དང་། ཁྱད་ཆོས་མངོན་གསལ་དོད་པ། གཅེས་སེམས་ཆེན་པོ་བརྒྱུད་སྤྲོད། སྤྱོད་ཚུལ་ལ་དད་གུས་བཅས་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་མང་པོ་ཞིག་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི་མཛེས་ལྗོངས་ལྟ་བུར་གྱུར་ཡོད། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་དང་། རིག་གནས་གཤམ་སྤེལ་བྱེད་སྒོ། སྤྱི་ཕན་གྱི་བརྡ་ཆ་གཏོང་སྤེལ་བཅས་བྱེད་བཞིན་ཡོད། ད་ཆ། སློབ་གསོ་ཁྲིད་སྟོན་དང་། ལག་ལེན་དོན་འཁྱོལ། ལམ་ལུགས་འགན་ལེན་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་དང་མི་སེར་གྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།