ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པར་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ཐོག་བོད་ལྗོངས་ཀྱི་ཚོང་དོན་ཚོགས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་འདོད་མོས་ཚོང་འགྲིག་ཚད་དངུལ་འབོར་ཨ་སྒོར་ཁྲི་312.59(མི་དམངས་ཤོག་སྒོར་ཁྲི་2000)ཟིན་ནས“སྤུས་རྟགས་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བ”དང“བོད་ཟོག་ཕྱིར་གཏོང”ལ་སྐུལ་མ་ནུས་ལྡན་བཏང་ཡོད།

སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་བོད་ཀྱི་ཉོ་ཚོང་ཚོགས་པས་བོད་ལྗོངས་ཀྱི་ཁྱད་ལྡན་མིང་གྲགས་ཐོན་རྫས་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བསྡུ་སྒྲིལ་བྱས་ཏེ་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཁུལ་དུ་ཐོག་མར་འགྲེམས་སྟོན་བྱས་ནས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཁྱབ་གདལ་ལ་སྔར་བས་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། འགྲེམས་སྟོན་བྱེད་རིང་། བོད་ལྗོངས་ཀྱི“སའི་གོ་ལའི་སྣེ་གསུམ་པའི”འགྲེམས་ཁང་དུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ་དང་དུས་མཚུངས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྒྲིག་འཛུགས་བྱས་ནས་ཐང་ག་འབྲི་བ་དང་། ཤེལ་རོང་འབྲོང་རྩེད། ལྷོ་ཁའི་བྲོ། མངའ་རིས་ཀྱི་ཤོན། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན། སྲོལ་རྒྱུན་རོལ་ཆ་དཀྲོལ་གཏོང་སོགས་བྱས་ནས་འཛམ་གླིང་ལ་བོད་ཀྱི་རིག་གནས་དང་ཁྱད་ལྡན་ཐོན་རྫས་ཀྱི་ཁྱད་དུ་འཕགས་པའི་ཉམས་འགྱུར་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ལ་ལྟ་མཁན་མི་ཐེངས་3500ཙམ་ཟིན་པ་དང་ཚོང་དུད་5དང་འདོད་མོས་གྲོས་མཐུན་བཞག་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།