དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་དང་བདེ་སྐྱིད་འཚོ་བའི་རྣམ་པ་གསར་པ།

b2842d06-e15c-48f0-937e-2d5a08da590b.jpg

འདི་ནི་དིང་རི་རྫོང་རོང་ཤར་ཤང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཟུར་ཞིག་ཡིན་པ།

2016ལོར་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འགོ་བརྩམས་ཡོད།

ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་རྒྱུགས་ལན་ཞིག་ཕུལ་ཡོད།

གྲངས་གཞི་ལས་མངོན་པ་ལྟར་ན། 2020ལོར་བོད་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1903བར་འཕར་བ་དང་། མི་རེའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་52345ཟིན་པ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་པ། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་སོང་བ་མ་ཟད་མི་དམངས་ཀྱི་འཚོ་བ་སྔར་ལས་སྐྱིད་དུ་ཕྱིན་ཡོད།

རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།

ཉེ་བའི་ལོ་ཤས་རིང་རྨང་གཞིའི་སྒྲིག་བཀོད་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱས་པ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་བའི་བསྡུས་རིས་ཤིག་རེད།

—— གཞུང་ལམ་གྱི་ལམ་ཚད་མགྱོགས་མྱུར་རིང་དུ་ཕྱིན་པ། མིག་སྔར་བོད་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་11.88ཟིན་པ། ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་94%དང་76%སོ་སོར་ཟིན་པ། མྱུར་བགྲོད་གཞུང་ལམ་དང་རིམ་པ་དང་པོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་700ཙམ་ཟིན་ཡོད།

—— ལྕགས་ལམ་འཛུགས་སྐྲུན་ལ་རྣམ་པ་གསར་པ་ཟམ་མི་ཆད་པར་བྱུང་བ། འདི་ལོའི་ཟླ་6པར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད། དེས་ན་ལྕགས་ལམ་ལྷ་ས་དང་། ནག་ཆུ། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་5ལ་ཤར་གཏོང་ཐུབ་ཡོད།

“མཁའ་དབྱིངས་ཀྱི་མཁའ་ལམ”དེ་བས་སྟབས་བདེ་རུ་ཕྱིན་ཞིང་། འདི་ལོའི་ཟླ་8ཚེས་7ཉིན་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེ་ནི་བོད་ཀྱི་གནམ་ཐང་བབས་ཚུགས་ཆེ་ཤོས་དེ་རེད། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་ཀྱི་དགུན་ས་སོགས་ཡན་ལག་གནམ་ཐང་སྔ་རྗེས་སུ་བསྐྲུན་ཟིན་པ་དང་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་140ཟིན་པ་དང་མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་66ཡོད།

—— གློག་ཤུགས་འཕེལ་རྒྱས་ཀྱི་རྒྱུགས་ལན་གསར་པ་ཕུལ་བ། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་མཐུད་ལས་གྲྭ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་རི་ཀླུང་བརྒལ་ཏེ་ཕྱོགས་མཚམས་ཀུན་ཏུ་ཁྲིད་པས། བོད་དུ་གློག་དཀོན་པ་དང་གློག་ཉུང་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།

གཞན་ཡང་4Gདྲ་རྒྱ་གྲོང་ཚོ་ཚང་མར་ཁྱབ་པ་དང་། ཆུ་འདྲེན་ནུས་ལྡན་ཐུབ་པའི་ཞིང་ཁའི་རྒྱ་ཁྱོན་མུའུ་ཁྲི་418ཟིན་པ། ཞིང་འབྲོག་པ་ཁྲི་203གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བྱུང་སྟེ་གནའ་བོའི་ངོ་མཚར་ཆེ་བའི་གངས་ལྗོངས་ས་མཐོར་རྣམ་པ་ཡོངས་རྫོགས་གསར་པར་གྱུར་བའི་དགའ་འོས་པའི་རྣམ་པ་ཞིག་ཐོན་ཡོད།

ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ།

ལོ་ལྔའི་རིང་རང་ལྗོངས་ཀྱིས་ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོའི་ཆ་རྐྱེན་ལ་བརྩིས་ནས་ཡུལ་སྐོར་རིག་གནས་དང་། ས་མཐོའི་སྐྱེ་ཁམས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས་བཅས“ཐོན་ལས་ཆེན་པོ་བདུན”ལ་སྐུལ་འདེད་ཤུགས་ཆེན་བཏང་བས་འཕེལ་རྒྱས་ཀྱི་ཕན་འབྲས་རིམ་བཞིན་མངོན་ཡོད།

བསྡོམས་རྩིས་བརྒྱབ་པ་ལྟར་ན། 2020ལོར་རང་ལྗོངས་ཀྱི་GDPཀྱི་7.8%འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མདུན་གྲལ་དུ་སླེབས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་10%དང་12.7%སོ་སོར་འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྒྲོམ་གཞིའི་ནང་རྗེས་མཐུད་སྙེག་བརྒལ་བྱེད་པའི་བོད་ཀྱིས་རིམ་བཞིན་མགྱོགས་བགྲོད་འཁོར་ལམ་ཐོག་ཞུགས་ཏེ་མྱུར་ཚད་གསར་པ་བཏོད་ཡོད།

མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་དམིགས་བསལ་གྱི་མི་ཆོས་ཁོར་ཡུག་ནི་བོད་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96བྱུང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་7.5དབུལ་སྒྲོལ་ཐུབ་པས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་མངོན་ཡོད།

ཡུལ་སྐོར་ལས་རིགས་དར་རྒྱས་ཕྱིན་པ་དང་སྦྲགས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་སྟེ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཞིག་བྱུང་ཡོད། ལྷ་ཉིང་ལྕགས་ལམ་གཉེར་སྐྱོང་འཁོར་སྐྱོད་བྱས་པ་དེས་ལམ་རྒྱུད་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ་དང་ཆབས་ཅིག་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱེད་པར་སྐུལ་ཁྲིད་ཐུབ་ཡོད།

གྲངས་འཛིན་ཐོན་ལས་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱི་འཕེལ་རྒྱས་འགྲོ་ཚུལ་ཅུང་མགྱོགས་པའི་ཐོན་ལས་ཀྱི་གྲས་ཤིག་རེད། 2020ལོའི་ལོ་མཇུག་ཏུ་བོད་ཀྱི་ཆ་འཕྲིན་ཅན་གྱི་སྟོན་གྲངས་2015ལོའི་63.3ནས་75.8བར་འཕར་ཡོད། བོད་ཀྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་300ལྷག་ཡོད་པ་དང་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་330ལྷག་ཙམ་ཟིན་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བ་ནས་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་ཐ་ན་ས་མཐོའི་སྐྱེ་དངོས་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ་སོགས་ལས་རིགས་ཁྱབ་ཁོངས་གཞན་གྱི་སྔོན་དུ་སླེབས་ཏེ་བོད་ཀྱི་དཔལ་འབྱོར་གྱི་རྗེས་ཐོན་ལེགས་ཆ་མངོན་ཡོད། འཕེལ་རྒྱས་ཀྱི་མྱུར་ཚད་དང་མཉམ་དུ་མངོན་པ་ནི་བོད་ཀྱི་སྒུལ་ནུས་གསར་པའི་འཕེལ་རྒྱས་གཏོང་ཕྱོགས་རིམ་གྱིས་ཤུགས་ཆེར་སོང་བ་དང་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་ཤུགས་ཆེར་འཕེལ་བ་དེ་རེད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ།

དེ་སྔ་བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་དབུལ་པོ་ཐོན་མང་ཤོས་དང་། དབུལ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ནི་བོད་དུ་དཀའ་ཚེགས་ཆེ་ཤོས་ཀྱི་ལས་དོན་ཞིག་རེད།

རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སྔ་ཕྱི་བར་གསུམ་དུ་དཀའ་ངལ་ཁྱད་བསད་ཀྱིས་འཚོལ་ཞིབ་ལྷོད་མེད་བྱས་ནས། དཀའ་ཚེགས་དང་ཀྱག་ཀྱོག་གྲངས་མེད་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པས་མི་རིགས་ཁག་གི་མི་དམངས་རྣམས་ལྟོ་གོས་ལ་སེམས་ཁྲལ་མེད་པར་གྱུར་པ་དང་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་བྱུང་ཡོད།

2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་74ཡི་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔར་དབུལ་སྒྲོལ་མི་འབོར་གྱི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1ལས་བརྒལ་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་ས་གནས་ཁག་དང་མཉམ་དུ་གོམ་ཞེང་ཆེན་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་བཞིན་ཡོད།

མིག་སྔར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་སོགས་རིམ་སྤེལ་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་2020ལོར་སླེབས་སྐབས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་41.46ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དུས་རབས་20པའི་ལོ་རབས་50པའི་ལོ་35.5ནས་ལོ་72.19བར་རིང་དུ་ཕྱིན་ནས་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་འཕར་ཡོད།

ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་ནས། རང་ལྗོངས་ཀྱིས་གོ་སྐབས་དམ་འཛིན་གྱིས་ནམ་ཡང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཐོག་ནས་བོད་ཀྱི་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་དང་ཧ་ལམ་མཚུངས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པ། 2035ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བ་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།