ཀླུ་ནང་གྲོང་རྡལ་ནི་རྒྱལ་ཁབ་རིམ་པའི་དཔལ་ཡོན་ཡུལ་སྐོར་དཔེ་སྟོན་ལས་ཁུངས་སུ་བདམས་པ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། རྒྱལ་ཡོངས་ཡུལ་སྐོར་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཁབ་རིམ་པའི་དཔལ་ཡོན་ཡུལ་སྐོར་དཔེ་སྟོན་ལས་ཁུངས་ཁག་དང་པོའི་ཞིབ་དཔྱད་གཏན་འཁེལ་མཇུག་འབྲས་ཡོངས་བསྒྲགས་བྱས། ཤེས་གསལ་ལྟར་ན། རང་མོས་ཡར་ཞུ་དང་ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་འོས་སྦྱོར། རྒྱལ་ཡོངས་ཡུལ་སྐོར་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་མཐའ་མའི་དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད། ལས་ཁུངས47རྒྱལ་ཁབ་རིམ་པའི་དཔལ་ཡོན་ཡུལ་སྐོར་དཔེ་སྟོན་ལས་ཁུངས་ཀྱི་ཚད་གཞིར་སླེབས་པར་གཏན་འཁེལ་བྱས། དེའི་ནང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་མིང་ཐོའི་ནང་ཚུད་ཅིང་། དེ་ནི་ལྗོངས་ཡོངས་ནས་བདམས་ཐོན་བྱུང་བའི་ལས་ཁུངས་གཅིག་པུ་རེད།

4.jpg

ཀླུ་ནང་གྲོང་རྡལ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་གནས་ཤིང་། ཉིང་ཁྲི་གྲོང་ཁྱེར་ནས་རྒྱལ་ཁབ་ཀྱི་གཞུང་ལམ318དུ་བརྒྱུད་དེ་ལམ་ཐག་སྤྱི་ལེ70ཙམ་ཕྱིན་ཚེ་ཀླུ་ནང་གྲོང་རྡལ་དུ་སླེབས་པ་དང་། གྲོང་རྡལ་དེའི་ཉེ་འཁོར་དུ་རྩི་ཤིང་གི་ནགས་ཚལ་སྟུག་པོ་དང་ནགས་ཚལ་འོག་ནི་གྲལ་སྒྲིག་པ་དང་འདྲ་བའི་སྔོ་ལྗང་སྤང་ཐང་ཡིན། ནགས་ཚལ་ཕྱི་རོལ་དུ་རིམ་པ་ལྡན་པའི་རུ་ཀླུང་ཡོད་པ་ལས་གཞན། ཉེ་འཁོར་གྱི་ནགས་ཚལ་ཁྱབ་ཚད་རྒྱ་ཆེ་ཞིང་དབྱང་འདང་ཕུན་སུམ་ཚོགས་པས“རང་བྱུང་དབྱང་གི་མཛོད་ཁང” ཞེས་པའི་མཚན་སྙན་ཡོད་ལ། གནས་དེ་ནི་བོད་ལྗོངས་སུ་ཡོང་བའི་ཡུལ་སྐོར་པ་ཚོའི་ཡུལ་སྐོར་གནས་གཙོ་བོ་རུ་གྱུར་ཡོད། 

5.jpg

གྲོང་རྡལ་ནང་སླེབས་ཚེ། མིག་ལམ་དུ་མངོན་པ་ནི་གྲོང་རྡལ་གྱི་ཐུན་མོང་མ་ཡིན་པའི་བོད་ལུགས་བཟོ་བཀོད་ཡིན་པས། དེ་ཡིས་ཆ་ཚང་བའི་སྒོ་ནས་ཤིང་གི་ཁང་ཀླད་དང་། ཤིང་གི་ར་སྐོར། ཤིང་གི་སླས་ར་སོགས་ཀྱི་བོད་ལུགས་བཟོ་བཀོད་ཉར་ཚགས་བྱས་ཡོད་པ་མ་ཟད། ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ། ནག་ཆུ་སོགས་ཀྱི་གྲོང་མིའི་སྡོད་ཁང་གི་ཉམས་འགྱུར་ཡང་གནས་དེར་ཡོངས་སུ་འདུས་ཡོད་པས། ཡུལ་སྐོར་པ་རྣམས་རྒྱང་རིང་དུ་འགྲོ་མི་དགོས་པར་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སོ་སོའི་བཟོ་བཀོད་ཁྱད་ཆོས་དང་བོད་ལྗོངས་ས་གནས་སོ་སོའི་དམངས་སྲོལ་གོམས་གཤིས་ཡོངས་སུ་རོལ་མྱོང་བྱེད་ཐུབ་པ་ཞིག་རེད། 

6.jpg

ཤེས་གསལ་ལྟར་ན། 2012ལོའི་ཟླ11པར་ཀྲུང་གོའི་བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་སྤྱིའི་འཆར་འགོད་ལ་ཞིབ་བཤེར་བྱས་ཤིང་། དེའི་དམིགས་ཡུལ་ནི་བོད་ཀྱི་རིག་གནས་དང་རང་བྱུང་སྐྱེ་ཁམས། དེང་རབས་ཀྱི་དར་སྲོལ་བཅས་མངོན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་གཏོད་རྒྱུ་དེ་རེད།  2013ལོའི་ཟླ2པར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་རྣམ་གྲངས་ཁུལ་དུ་བཤིག་སྤོ་བྱེད་པའི་ལས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་འབྲེལ། ཞིབ་ཕྲའི་བཟོ་སྐྲུན་ཇུས་འགོད་དང་མཛེས་ལྗོངས་ཇུས་འགོད་ཐད་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཏེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་ཐོན་ཡོད།

6.jpg

འཛུགས་སྐྲུན་བྱས་རྗེས་ཀྱི་ཀླུ་ནང་གྲོང་རྡལ་དེ་དང་རི་མཐོའི་འབྲོག་ར་དང་བར་ནས་མཚོ་ཞིག་ཡོད་པ་དང་། མཚོ་ཕ་རོལ་ནི་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པའི“ས་མཐོའི་རི་ཁུལ་གྱི་རི་མོ”ཞིག་ཡིན་ལ། མཚོ་ཡི་ཕྱོགས་གཅིག་ནི་དྭངས་གཙང་དང་། ཇུས་འགོད་ཕུན་སུམ་ཚོགས་པ། ཟ་བཏུང་རོལ་རྩེད་བཅས་འཛོམས་པའི་གྲོང་རྡལ་ཞིག་ཡིན། ཤེས་གསལ་ལྟར་ན། གྲོང་རྡལ་དེ་འཛུགས་སྐྲུན་བྱེད་སྐབས་མ་འཇོག་གསར་སྤེལ་དང་ས་གནས་ཀྱི་གྲོང་མིའི་སྡོད་ཁང་སོར་འཇོག་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་ཀླུ་ནང་གྲོང་རྡལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་བ་ཇེ་ལེགས་སུ་བཏང་ནས་འཛུགས་བསྐྲུན་བྱས་པའི་གྲོང་རྡལ་དེར་ཀླུ་ནང་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཁྱད་ཆོས་རྒྱུན་འཛིན་བྱས་པ་མ་ཟད། དེང་རབས་ཅན་གྱི་གྲོང་རྡལ་དང་མཉམ་འདྲེས་ཐུབ་པ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་སྤུས་ཚད་མཐོ་ཞིང་ཚབ་བྱེད་ཐབས་བྲལ་བའི་བསམ་པའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཚོར་སྡོད་གནས་འཚམ་པའི་ཁྱིམ་གཞིས་ཀྱང་མཁོ་འདོན་བྱས་ཡོད།

7.jpg

བརྗོད་མ་དགོས་པ་ཞིག་ལ། གོང་གསལ་གྱི་མཁྲེགས་ཆས་སྒྲིག་བཀོད་ཕུལ་དུ་བྱུང་བ་ཕུད། ད་དུང་ཀླུ་ནང་གྲོང་རྡལ་གྱི་ཞིམ་ཟས་ཀླུ་ནང་རྡོ་ཁོག་བྱ་ཤ་སོགས་ཀྱང་ཡིད་དབང་འཕྲོག་ཤོས་ཀྱི“ཡུལ་སྐོར་མིང་བྱང”ཞིག་ཏུ་གྱུར་ཡོད། 

གནས་དེར་ཡོང་ནས་སྐྱེ་ལྡན་བཟའ་བཅའི་རྒྱུ་ཆ་ལས་གཡོས་སྦྱོར་བྱས་པའི་ཟས་ཟ་བཞིན་སྤྲོ་སྐྱིད་ལྡན་པའི་མགྲོན་ཁང་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོང་ཁང་དུ་འདུག་ཐུབ་པ་མ་ཟད། ཀླུ་ནང་གི་ཞབས་བྲོ་ལ་གཟིགས་ཞོར་ས་གནས་མང་ཚོགས་ཀྱི་གདོང་དུ་བདེ་སྐྱིད་ཀྱི་རྣམ་པས་ཁེངས་པ་མཐོང་ཚེ་དངོས་གནས་ཉམས་དགའ་བ་ཞིག་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།