ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། རྒྱལ་ཡོངས་ས་གནས་མང་པོས་ཡུལ་དེ་གར་ཐོན་པའི་རིམས་ནད་གཅིག་རྗེས་གཉིས་མཐུད་ངང་སྙན་སེང་ཞུ་བཞིན་ཡོད་པས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བཞིན་ཡོད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་བར་བསམ་བློར་ཚད་མཐོའི་མཐོང་ཆེན་དང་། དོགས་ཟོན་ཆེར་སྐྱེད། ལྷོད་གཡེང་སྤུ་ཙམ་མི་གཏོང་བ་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། དེ་དང་དུས་མཚུངས་ཁོངས་གཏོགས་ཁུལ་གྱི་འདུ་འཛོམས་བྱ་ཡུལ་ཁག་གི་ལས་དོན་པར་ཁ་རས་ཡག་པོ་རྒྱག་པ་དང་། ལག་པ་ཡང་སེ་འཁྲུད་པ་དང་དུག་སེལ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་བརྩི་སྲུང་ཞུ་དགོས་པ་དང་། འདུ་འཛོམས་བྱ་ཡུལ་དུ་འཛུལ་མཁན་ལ་ཚ་བ་ལྟ་བའི་ཆ་འཕྲིན་ཐོ་འགོད་ཡག་པོ་བྱེད་དགོས་པ། “བདེ་ཐང་ཨང་རྟགས”ལྟ་བཤེར་དོན་འཁྱོལ་ནན་པོ་བྱེད་དགོས་པ། ཚོང་གཉེར་བྱ་ཡུལ་ཁག་ཏུ་དུས་བཀག་ལྟར་དུག་སེལ་བྱས་ནས་འཕྲོད་བསྟེན་གཙང་སྦྲ་ཡག་པོ་དང་མཁའ་རླུང་འཁོར་རྒྱུག་སོགས་ཀྱི་འབྲེལ་ཡོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་གནམ་ཐང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཚོགས་ཆུང་གིས་གནམ་ཐང་དུ་དམིགས་བསལ་མི་ཚོགས་ལ་སྟབས་བདེའི་བགྲོད་ལམ་བཟོས་པ་མ་ཟད། ད་དུང་བསམ་འཆར་བསྡུ་ལེན་སྒམ་བཙུགས་པ་དང་ཡུལ་སྐོར་བར་བློ་ཡིད་ཚིམ་ཚད་བརྟག་དཔྱད་རེའུ་མིག་སྤྲད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཕྱོགས་ཡོངས་ནས་ཉན་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པ་མངོན་གྱུར་ཐུབ་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།