གཞི་རིམ་འཐབ་ས་དང་པོར་འབད་འཐབ་ཀྱིས། ལས་བརྩོན་དངོས་གྲུབ་འཕེལ་རྒྱས་དོན་གཉེར་བྱེད།

—— ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱས་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ནི་གྲོང་གསེབ་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གྱིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ནས། དོན་དངོས་དང་ཟུང་འབྲེལ་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཤིང་། འདི་ལོའི་ཟླ་4པ་ནས་བཟུང་རིམ་རྩིས་བྱས་ན། ལས་བྱེད་པ་1677འདེམས་གཏོང་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་559བཙུགས་ཏེ་ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བས། དམིགས་ཚད་ཁ་གསལ་དང་། ལས་འགན་གཙང་མ། བྱ་ཐབས་ཏན་ཏིག ཁྱད་ཆོས་ལྡན་པ་བཅས་ཀྱི་རྣམ་པ་ཞིག་སྤྱིའི་ཆ་ནས་མངོན་པ་དང་གྲོང་ཚོར་བཅའ་སྡོད་ལས་འགན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གཞི་རིམ་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།

བསམ་བློའི་སྣེ་ཁྲིད་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་གཉིས་འགངས་ཆེར་འཛིན་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཧུར་ཐག་སྤེལ་ནས། མང་ཚོགས་ཀྱིས་གོ་ཐུབ་པ་དང་ངེས་སླ་བའི་སྐད་ཆ་དང་བྱ་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཀྱིས་དུས་བསྟུན་མདུན་སྐྱོད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། རིམ་རྩིས་བྱས་ན། བྱེད་སྒོ་ཐེངས་ཁྲི་5.3ལྷག་ཙམ་སྤེལ་ནས་ཏང་གི་སྲིད་ཇུས་མང་ཚོགས་ཀྱི་བློ་ལ་ཟུག་པ་དང་དོན་འཁྱོལ་ཐུབ་པར་བྱས་ཡོད།

འདི་ལོའི་ཟླ་8པར། སྣ་དཀར་རྩེ་རྫོང་ཁ་རག་ཤང་སྤུན་བརྒྱུད་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཨུད་གཞུང་དོན་ཁང་གི་ལས་དོན་རུ་ཁག་གི་སྒྲིག་འཛུགས་ཞིབ་ཚགས་འོག ཁ་རག་ཤང་སློབ་ཆུང་གི་སློབ་མ་དང་ཡུན་ནན་ཞིང་ཆེན་པའོ་ཧྲན་སློབ་གླིང་གི་སློབ་ཆེན་སློབ་མ་ཕན་ཚུན་འཕྲིན་ཡིག་བསྐུར་རེས་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ། ཏང་གི་ལོ་རྒྱུས་ཤེས་བྱ་མཉམ་དུ་སློབ་སྦྱོང་བྱས་ནས་བོད་ལྗོངས་དང་ཡུན་ནན་དབར་སྤེལ་རེས་ཀྱི་འབྲེལ་ཟམ་ཞིག་བཙུགས་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་ཤང་དང་གྲོང་ཚོར“ལས་ཞུགས་གསུམ”དང་། “འགན་ལེན་གཉིས” “ཤར་གཏོང་དྲུག”སོགས་དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་ཁག་7800ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་པ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་བརྒྱུད་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་ཡག་པོ་ཁྲི་7ལྷག་ཙམ་བསྒྲུབས་པ། ཚན་རྩལ་དང་། འཕྲོད་བསྟེན། ཆ་འཕྲིན། ཞབས་ཞུ་བཅས་ཀྱི་གཤམ་སྤེལ་བྱེད་སྒོ་ཐེངས་ཁྲི་1.6ལྷག་ཙམ་སྤེལ་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་བཟང་པོ་བཏོད་པ་དང་། རྨང་བརྟན་དམངས་ཕན་གྱི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད།

རྨང་གཞི་བརྟན་གཏོང་དང་བརྟན་ལྷིང་སྲུང་སྐྱོང་གཉིས་མཉམ་དུ་བསྒྲུབས་པ།

གྲོང་གསེབ་ཁུལ་དུ་གཞི་རིམ་རྩ་འཛུགས་ཉམས་ཞན་ཡིན་པ་ནི་འཕེལ་རྒྱས་ཀྱི་འཇུར་མིག་གཙོ་བོའི་གྲས་ཤིག་རེད་ལ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྱིས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་ཀྱང་རེད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། གཞི་རིམ་ཏང་འཛུགས་སྐྱོང་གི“གཏན་འབེབས་དོན་ཚན་བཅུ”དོན་འཁྱོལ་ནན་ཏན་བྱས་ཏེ། “གྲོང་ཚོ་དང་གྲོང་ལྷན་གྱི་ལས་བྱེད་པའི་རིག་གནས་བྱང་ཚད་མཐོ་རུ་གཏོང་བའི”

འདུ་འགོད་དང“གསོ་སྐྱོང་གསུམ”གྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྩ་འཛུགས་ཀྱི་ནུས་པ་ཤུགས་ཆེར་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་རྨང་གཞིར་བྱས་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་དོན་དང་། གྲོང་དོན། ནོར་དོན་བཅས་ཡོངས་བསྒྲགས་བྱེད་པ། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁྲི་5.9ལྷག་ཙམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་ཁྲིད་སྟོན་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ལ་ཏང་འཛུགས་སྐྱོང་གི་གཡུལ་ས་བསྐྲུན་རྒྱུར་རོགས་རམ་བྱས་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཚད་ལྡན་ཅན་འཛུགས་པའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ། གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཆེ་རུ་བཏང་ཡོད།

གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པའི་ཐད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མ་བྱུང་སྔོན་འགོག་བྱ་རྒྱུ་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་དང་ལས་རེས་སྐོར་གཡེང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་བཅས་བྱས་ནས། གྲོང་ཚོའི“ཨུ་ལྷན་གཉིས”ལ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་ཁྲི་2.3ལྷག་ཙམ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྲི་1.2ལྷག་ཙམ་འདུམ་འགྲིག་དང་ཐག་གཅོད་འོས་འཚམ་བྱས་ཡོད།

དབུལ་སྒྲོལ་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི“དུ་བ་མེད་པའི་གཡུལ་སར”ཆེས་རྩ་ཆེ་བའི་ཐོན་ཁུངས་ནི་ལས་བྱེད་པ་རེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྒྲོལ་གྱི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་དོན་དུ་བརྩིས་ནས། དབུལ་སྐྱོར་དམངས་ཕན་སྲིད་ཇུས་ཁག་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་ཁྲི་3.9ལྷག་ཙམ་དྲིལ་བསྒྲགས་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། མངགས་གཏོང་ཚན་པའི་འགན་ནུས་དང་ལེགས་ཆ་ནུས་ལྡན་ངང་སྤྱད་དེ། གྲོང་ཚོའི“ཨུ་ལྷན་གཉིས”ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་པ་དང་། མཉམ་སྡེབ་དཔལ་འབྱོར་དངོས་ཚན་འཛུགས་རྒྱུར་རོགས་རམ་བྱེད་པ། “དཔལ་འབྱོར་གྱི་ཡོང་ཁུངས་མེད་པའི་གྲོང་ཚོའི”གནད་དོན་ཐག་གཅོད་བྱེད་པའི་བྱ་སྤྱོད་དང“ཉམས་ཞན་གྲོང་ཚོ”ལེགས་བཅོས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཤིང་། རིམ་རྩིས་བྱས་ན། རོགས་སྐྱོར་རྣམ་གྲངས་3781དོན་འཁྱོལ་བྱས་པར་མ་དངུལ་སྒོར་དུང་ཕྱུར་22.7བཏང་ཡོད་པ་རེད།

འདི་ལོའི་ལོ་སྟོད་དུ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ནས་ལྷོ་ཁ་གྲོང་ཁྱེར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་ཡོད། དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ནུས་པ་གལ་ཆེན་བཏོན་པ་དང་། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་བྱས་ནས་དབུལ་པོའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བར་རམ་འདེགས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།