རྒྱུན་མཐུད་འབད་འཐབ་ཀྱིས། ཞུམ་མེད་མདུན་སྐྱོད་བྱེད།

—— ས་དགའ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དེ་བཞིན་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་དགའ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ས་དགའི་མི་དམངས་ལ་མཐུན་སྒྲིལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོཌ་པ། ཉེན་ཁ་འགོག་པ་བཅས་ནུས་ཤུཌ་ཡོད་རྒུས་སྒྲུབ་པ་བཅས་བྱས་པས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པ་བྱུང་ཡོད།

དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ།

ལོ་ལྔའི་རིང་། ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་འོག་ས་དགའ་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ལས་ཀའི་བྱ་ཐབས་སུ་འཛིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་བར་བྱས་ཡོད།

ལོ་ལྔའི་རིང་། ས་དགའ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་ཁག་གཅིག་འགོ་འཛུགས་ས་མཐོན་པོའི་སྒོ་ནས་འཆར་འགོད་དང་ཚད་གཞི་མཐོ་པོས་བསྐྲུན་ཞིང་། ཆུ་གློག་ལམ་དང་དྲ་བ་སོགས་མི་དམངས་ཀྱི་འཚོ་བར་དགོས་གལ་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལོ་རེ་བཞིན་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཡོད། རིམ་རྩིས་བྱས་ན་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་62.87བཏང་ནས“ཆུ་གློག་ལམ་དང་། འཕྲིན་གཏོང་། དྲ་བ། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། འགན་བཅོལ་སོགས་ཀྱི་རྣམ་གྲངས་ཆེ་ཆུང་436དང་། ལྷག་པར་དུ་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་དང་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་སོགས་ཀྱི་ལས་གྲྭ་གལ་ཆེན་ཁག་གཅིག་ལག་བསྟར་བྱས་པས། ས་དགའི་མི་དམངས་ཀྱི“ལོ་བརྒྱའི་ཕུགས་འདུན”མངོན་འགྱུར་བྱུང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པ་མཐའ་འཁྱོངས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

ལོ་ལྔའི་རིང་། ས་དགའ་རྫོང་གིས་ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཚད་ལོན་བཅས་དབྱེ་འབྱེད་གཏན་འཁེལ་བྱས་ཏེ་སྐྱེ་ཁམས་འདུ་འགོད་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་པ་དང་། སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་སྲུང་སྐྱོང་དང་། མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་དང་གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་གཏིང་ཟབ་སྤེལ་ནས“གཙང་པོ་གཉིས་དང་ཆུ་བོ་བཞིའི”ཤིང་འཛུགས་སྔོ་འགྱུར་མུའུ་1000བྱས་པས། “སྐྱེ་ཤིང་མེད་པའི་གྲོང་ཚོ”དང“སྐྱེ་ཤིང་མེད་པའི་དུད་ཚང”ལ་སྐྱེ་ཤིང་ཡོད་པར་བྱས་ཡོད།

དེ་དང་ཆབས་ཅིག་ས་དགའ་རྫོང་གིས་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ས་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གནད་དོན་དག་ཐེར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རྒྱལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། “ཆེད་དོན་བཅོས་སྒྲིག་ཆེན་པོ་དྲུག”ལ་དུས་མཚམས་ཀྱི་གྲུབ་འབྲས་ཐོབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་མགྱོགས་མྱུར་གསབ་པ། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ(མཚོ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས་མཁའ་རླུང་གི་སྤུས་ཚད་དང་། ཆུའི་སྤུས་ཚད། ས་རྒྱུའི་སྤུས་ཚད་བཅས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད།

དམངས་འཚོ་ལེགས་སུ་བཏང་ནས་བདེ་སྐྱིད་འཚོ་བ་བཏོད་པ།

འདས་ཟིན་པའི་ལོ་5ཡི་རིང་། ས་དགའ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུར་གཞོལ་བ་མ་ཟད། སློབ་གསོའི་ཁྲིད་སྟོན་ལ་དེ་བས་མཐོང་ཆེན་དང་ཏང་དང་རྒྱལ་ཁབ་ལ་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྟོབས་ཤུགས་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་སྡུད་བྱས་ཡོད།

ལོ་ལྔའི་རིང་། ས་དགའ་རྫོང་གིས་ཆེད་ལས་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་དཔལ་འབྱོར་གཉིས་ཀར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། “བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི”མ་དངུལ་སྒོར་ཁྲི་1750སྤྲད་པ་དང་། རིགས་ཁག་གི་ཆེད་ལས་མཉམ་ལས་རྩ་འཛུགས་128འཕེལ་རྒྱས་བཏང་བ། མ་རྐང་ནང་མང་ཚོགས་ཁྲི་1.4ལྷག་ཙམ་ཞུགས་སུ་བཅུག་པས། ཆེད་ལས་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་དཔལ་འབྱོར་གྱིས་ཁྲོམ་ར་དང་མང་ཚོགས་སྦྲེལ་མཐུད་བྱེད་པའི་སྦྲེལ་ཟམ་གྱི་ནུས་པ་དང་། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བའི་རྩ་འཛུགས་ཀྱི་ནུས་པ། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཐ་སྐྱོང་ནུས་པ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བའི་རམ་འདེགས་ཀྱི་ནུས་པ། སྤྱི་ཚོཌ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐུལ་འདེད་ཀྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱུང་ཡོད།

དེ་དང་ཆབས་ཅིག་ས་དགའ་རྫོང་གིས་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་བསྡུ་ལེན་དང་། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་གྲངས་ཀྱིས་སྐུལ་ཁྲིད་དང་། ལྗོངས་ཕྱིའི་སྐུལ་ཁྲིད། ལས་གཏོད་སྐུལ་ཁྲིད་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཞིང་འབྲོག་པ་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། སྒོར་ཁྲི་400མན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང“རྒུད་གསབ་ལས་སྤྲོད”རྣམ་གྲངས་དེ་ཐོབ་ཐང་ལྡན་པའི་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ལ་སྐྲུན་འགན་འཁུར་བར་རྩིས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཨར་སྐྲུན་དང་། སྐྱེལ་འདྲེན། ཁྱིམ་ལས། མི་རིགས་ལག་ཤེས་བཟོ་རྩལ་སོགས་ངལ་ནུས་ཕྱིར་གཏོང་གི་སྤུས་རྟགས་ཧུར་ཐག་བཏོད་དེ་ཞིང་འབྲོག་པར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ་རེད།

རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བ།

རིག་གནས་བྱ་གཞག་ཡག་པོ་སྒྲུབ་པར“ལྟོ་གོས་ཀྱི་གནད་དོན”་ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”ཡང་ཐག་གཅོད་དེ་བས་བྱེད་དགོས། ལོ་ལྔའི་རིང་། ས་དགའ་རྫོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ། རིག་གནས་ལ་བརྟེན་ནས་བྱ་གཞག་གཏོད་པ་བཅས་བརྒྱུད་ནུས་ཤུགས་ཡོད་རྒུས་རིག་གནས་ཀྱི་མཉེན་ཤུགས་ཆེ་རུ་བཏང་སྟེ་སྔོན་ཐོན་རིག་གནས་ལ་བརྟེན་ནས་དར་སྲོལ་སྣེ་ཁྲིད་དང་། བརྩམས་ཆོས་རྩེ་གྲར་བརྟེན་ནས་མང་ཚོགས་ལ་བསྟོད་པ། མི་ཆོས་རིག་གནས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྲོ་སེམས་འཕེལ་བ་བཅས་བྱས་ཡོད།

འདས་ཟིན་པའི་ལོ་5ཡི་རིང་། ས་དགའ་རྫོང་གིས་ཏང་གིས་དོ་དམ་བྱེད་པའི་འདུ་ཤེས་འཛིན་སྟངས་མཐའ་འཁྱོངས་བྱས་ཏེ། རིམ་པ་བཞིན་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། “ཇོ་མོ་གླང་མའི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱལ་གཞས་དང་གླིང་སྒྲུང་སོགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་རིག་རྩལ་སྤུས་དག་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།