“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར1.84བཏང་ནས་ལྗོངས་རིམ་པ་ཡན་གྱི་རིག་དངོས་ཉམས་གསོ་སྲུང་སྐྱོབ་ཐད་སྤྱད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུའུ་ནས་ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར1.84བཏང་ནས། བོད་རང་སྐྱོང་ལྗོངས་རིམ་པ་དང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ31གི་རིག་དངོས་ཉམས་གསོ་སྲུང་སྐྱོབ་རྣམ་གྲངས་ཐད་སྤྱད་པ་རེད།

ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་ལྷ་ས་གྲོང་ཁྱེར་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་ཅིན་ཡོན་ཁྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རིག་དངོས་སྲུང་སྐྱོབ་ཚན་པ31གི་ནང་གཙུག་ལག་ཁང་དང་སེ་ར་དགོན་པ། ཐང་སྐྱ་དགོན་པ་སོགས་རིག་དངོས་སྲུང་སྐྱོབ་ཚན་པ་འདུས་ཤིང་། དེའི་ཁྲོད་ལྷག་འཕྲོའི་རྣམ་གྲངས4“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རྒྱུན་མཐུད་བྱས་ཡོད། ཉམས་གསོ་སྲུང་སྐྱོབ་ཀྱི་ནང་དུ་རིག་དངོས་ཀྱི་བཟོ་བཀོད་བསྐྱར་སྐྲུན་དང་གློག་ཤུགས། བདེ་འཇགས་མེ་ཟོན། ཁོར་ཡུག་བཅོས་སྐྱོང་། ལྡེབས་རིས་ཉམས་གསོ་སོགས་ཚུད་ཡོད།

སེ་ར་དགོན་པ་དང་དཔལ་ལྡན་གསང་སྔགས་གྲྭ་ཚང་གི་ལྡེབས་རིས་སྲུང་སྐྱོབ་ཉམས་གསོའི་ཐད། ཁོང་གིས་བཤད་རྒྱུར། སེ་ར་བྱེས་མཁས་སྙན་གྲྭ་ཚང་གི་ལྡེབས་རིས་ཀྱི་ལོ་རྒྱུས་མིང་རྒྱལ་རབས་དུས་སྐབས་བར་ཁུངས་འདེད་རྒྱུ་ཡོད་ལ། 2019ལོར་ཉམས་གསོ་བྱེད་མགོ་བརྩམས་ཤིང་མ་དངུལ་སྒོར་ཁྲི300བཏང་། དཔལ་ལྡན་གསང་སྔགས་གྲྭ་ཚང་ནི་དུས་རབས་བཅུ་དྲུག་པར་གསར་སྐྲུན་བྱས་པ་དང་། དེ་ནི་དགེ་ལུགས་པའི་གསང་སྔགས་ཀྱི་དགོན་པ་ཆེ་ཤོས་ཡིན་ལ། ཉམས་གསོ་བྱས་པའི་ལྡེབས་རིས་ཀྱི་རྒྱ་ཁྱོན་ཅུང་ཆེ་བ་དང་སྨི་གྲུ་བཞི་མ330ལྷག་ཡོད། མིག་སྔར་ངོས་གཉིས་ཀྱི་ལྡེབས་རིས་ཉམས་གསོའི་ལས་དོན་ལེགས་འགྲུབ་བྱུང་ཡོད།

ཁོང་གིས“གཙུག་ལག་ཁང་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་ལ། མི་འབོར་འདུ་འཛོམས་ཆེ་བའི་བར་སྐོར་གནའ་གྲོང་ཁུལ་དུ་གནས་ཡོད་པས། མེ་སྐྱོན་བདེ་འཇགས་ཀྱི་འདུ་ཤེས་ངེས་པར་མཐོར་འདེེགས་སུ་གཏོང་དགོས”ལ། 2020ལོའི་ཟླ3པར། གཙུག་ལག་ཁང་གི་བདེ་འཇགས་མེ་ཟོན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ཤིང་། བསྡོམས་པས་མ་དངུལ་སྒོར་ཁྲི2600བཏང་བ་དང་ལས་གཞི་ཧྲིལ་བོ་ད་ལོའི་ཟླ8པར་མཇུག་སྒྲིལ་བ་རེད། མིག་སྔར་བྱེ་བྲག་གི་གནད་དོན་ཁ་ཤས་ལ་སྙོམས་སྒྲིག་ཚོད་ལྟ་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།