ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གི“ཀུན་སྤྱོད་དང་བཅའ་ཁྲིམས་སློབ་ཚན”གྱི་སྲིད་ཁྲིམས་ཁོངས་གཏོགས་དང་ཁྲིམས་རྩོད་པ་མཉམ་དུ་གསོ་སྦྱོང་སྤེལ་རེས་ཀྱི་བྱེད་སྒོ་གཉེར་བ་རེད། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲིམས་ལུགས་ཉིང་ལག་རུ་ཁག་དང་། ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག ལྟ་འདོམས་ཉིང་ལག་རུ་ཁག གྲོང་ཁྱེར་ལྟ་སྲུང་ཁང་། བསམ་གྲུབ་རྩེ་ཆུས་ཁྲིམས་འཛིན་ཅུས། ལྗོངས་སྤྱི་བདེ་ཅུས་ཁྲིམས་ལུགས་རུ་ཆེན་དང་ལྟ་སྲུང་ཁང་། དེ་བཞིན་ཁོངས་གཏོགས་ཁུལ་གྱི་ཁྲིམས་རྩོད་པའི་ལས་དོན་ཁང་ཁག་བཅས་ཀྱིས་མི་སྣ་ཧུར་ཐག་མངགས་ནས་ཞུགས་ཡོད། ཞིབ་དཔྱོད་ཁང་དེས་ཅི་ལིན་ཞིང་ཆེན་ཞིབ་དཔྱོད་བོད་སྐྱོར་རུ་སྣེ་ཁྲིད་མཁན་དང་ཁྲང་ཁྲུན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལག་རྩལ་ཆ་འཕྲིན་པུའི་ཀྲུའུ་རེན་ཁྲིམས་དཔྱད་སྨན་པ་སུང་ཀོང་ཐའོ་དང་། ཅི་ལིན་ཞིང་ཆེན་ཞིབ་དཔྱོད་ཁང་གི་རིམ་པ་དང་པོའི་ཞིབ་དཔྱོད་དཔོན་ཡན་ཁྲོང་སོགས་གདན་དྲངས་ནས་འཆད་ཁྲིད་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་པར་འགྲེམ་བྱས་པའི《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ནང་ཞིབ་དཔྱོད་དཔོན་དང་། ཁྲིམས་དཔོན། མི་དམངས་ཉེན་རྟོག་པ། ཁྲིམས་རྩོད་པ་སོགས་དང་མཉམ་འཛོམས་གསོ་སྦྱོང་གི་ལམ་ལུགས་བཙུགས་ནས་ཁྲིམས་འཛིན་འདུ་ཤེས་དང་གྱོད་གཞི་སྒྲུབ་པའི་ཚད་གཞི་གཅིག་གྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གིས་སྲིད་ཁྲིམས་ཚན་པ་ཁག་དང་ཁྲིམས་རྩོད་པའི་ཚོགས་སྤྱི་གདན་དྲངས་ནས་མཉམ་དུ་སྤེལ་རེས་བྱས་ཏེ། བཅའ་ཁྲིམས་ལས་རིགས་ཀྱི་ཐུན་མོང་སྒྲིག་གཞིའི“མཉམ་འཛོམས་གསོ་སྦྱོང”ལམ་ལུགས་ལ“ཐུན་མོང་གི་ངོས་འཛིན”ཐུབ་པ་ནས་འཕྲལ་མར“དོན་འཁྱོལ”ཐུབ་པ་བྱས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བསམ་གྲུབ་རྩེ་ཆུས་ཀྱིས་བཅའ་ཁྲིམས་ལས་རིགས་ཀྱི་ཐུན་མོང་སྒྲིག་གཞིའི“མཉམ་འཛོམས་གསོ་སྦྱོང”བྱས་པ།