ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་ཞིབ་བཤེར་གནང་།

f99c45f5-8f48-4e9a-8864-2941826abe64.jpg

འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10ཚེས24ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་རུ་ལས་དོན་ལ་བརྟག་ཞིབ་དང་ཞིབ་བཤེར་གནང་བར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག་གནང་བ་རེད།

ཝང་ཅུན་ཀྲེང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མིག་སྔའི་སྔར་བཞིན་ཛ་དྲག་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཡག་པོ་རྒྱག་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན་གནང་བ་རེད།

ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། “རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ། རང་འགན་ནན་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་གི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་བྱས་ནས་བག་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་གི་བསམ་པ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་བྱས་ཏེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཚན་རིག་དང་མཐུན་པ་དང་། གནད་སྨིན། ནན་པོ་བཅས་ཀྱི་སྒོ་ནས་ཡག་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་འདོམས་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་རྣམ་ཅན་གྱི་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཉེན་བརྡ་གཏོང་བ། སྔ་ཙམ་ཞིབ་འཇུག་བརྡར་གཅོད། སྔ་ཙམ་ཐག་གཅོད་བཅས་ལ་ཤུགས་སྣོན་རྒྱག་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གྲ་སྒྲིག་ཨང་བསར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས།

འགན་འཁྲི་ནན་དུ་གཏོང་དགོས། ལས་བགོས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྔོན་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་ལས་འགན་ཚན་པ་དང་མི་སྒེར་ལ་ཁག་བགོས་ཞིབ་ཕྲ་བྱེད་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། དམ་པ་དོན་གཉེར་གྱི་སྙིང་སྟོབས་དང་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཐོག་ནས་འཁོར་རྒྱུག་དང་། ཁོར་ཡུག་ཞིབ་དཔྱད། ཉིང་སྐྱུར་འདེམས་བཤེར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམིགས་སའི་རང་བཞིན་དང་། ཚན་རིག་རང་བཞིན། གནད་སྨིན་རང་བཞིན་བཅས་ཆེ་རུ་གཏོང་དགོས། རིམ་ཁག་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། མང་ཚོགས་ལ་རང་རྟོགས་ངང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་ལག་པ་ཡང་ཡང་བཀྲུ་བ་དང་། རྒྱུན་དུ་རླུང་འགྲོ་ཐུབ་པ་བྱེད་པ། ཁ་རས་རྒྱག་པ། འདུ་འཛོམས་མི་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་འབྲེལ་གཏུག་བྱེད་པ། འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།

ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། “སྔོན་འགོག”གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། མངོན་མེད་རྐྱེན་ངན་སྔོན་འགོག་དང་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁུལ་དང་། གཙོ་གནད་མི་ཚོགས། འགག་རྩའི་ཁུལ་བཅས་ཀྱི་གནད་སྨིན་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས། སྔོན་འགོག་སྔོན་སྒྲུབ་མཐའ་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་དོན་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཞན་ཆ་སེལ་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བ་བཅས་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཐོག་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

ལས་ཀའི་དངོས་ཕན་དོན་གཉེར་བྱེད་དགོས། དམིགས་ཚད་སྟོན་ཕྱོགས་དང་འབྲས་བུའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་སྔོན་འགོག་ཚོད་འཛིན་དང་། སྐྱོབ་བཅོས། འགན་ལེན། ལྟ་སྐུལ་མཛུབ་ཁྲིད་སོགས་ཐད་ཀྱི་ལས་དོན་ལ་དམ་འཛིན་ནན་ཏན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཕྱོགས་ཡོངས་དང་། ནན་པོ། མཐར་ཕྱིན་པ་བཅས་ཀྱི་སྒོ་ནས་དོན་འཁྱོལ་ཡག་པོ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་སྤྱོད་ཚུལ་དང་། འགན་འཁྲི། སྐྱོན་ཆ། དོན་འཁྱོལ་བཅས་ལ་སྔར་བས་ཞིབ་བཤེར་བྱས་ཏེ། འཇོན་ཐང་ཆེ་ལ་ལས་ཕྱོད་ཆེ་བ་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས།

ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ལམ་ལུགས་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལམ་ལུགས་དང་བླང་བྱ་སྔོན་ལ་ལག་བསྟར་བྱས་ནས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དངོས་ཕན་རང་བཞིན་དང་གཟབ་ནན་རང་བཞིན་ཆེ་རུ་གཏོང་དགོས། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་དོན་ཏན་ཏིག་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་མི་དམངས་བློ་བདེ་པོ་དང་ཏང་ཀྲུང་དབྱང་ཐུགས་བློ་ཚིམ་པོ་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།