ཞིང་འབྲོག་ཁུལ་དུ་གཞི་ཚུགས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པ།

གངས་ལྗོངས་ས་མཐོར་ཞིང་ཁྱིམ་གྱི་སྒོ་ར་ཡིན་ནའང་འདྲ་ཡང་ན་རྩྭ་ཐང་གི་འབྲོག་རར་ཡིན་ནའང་རུང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད། ཁོང་ཚོས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱེད་པ་དང་། དུད་ཚང་དུ་བསྐྱོད་ནས་མཐིལ་རྟོགས་བརྟག་དཔྱད་ཀྱིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཁོང་དུ་ཆུད་པ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་སེམས་ཁྲལ་ཤེས་རྟོགས་བྱེད་པ་དང་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་སྡོད་རུ་མིའི་འགན་འཁྲི་སྒྲུབ་བཞིན་ཡོད་པ་རེད།

གྲོང་སྡོད་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་ལེན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱབ་རྟེན་བརྟན་པོ་ཞིག་བྱེད་པ་བཅས་བྱས་ནས། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ངོ་བོའི་རང་བཞིན་གྱི་སྒོ་ནས་ལེགས་སུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་ཕྱིན་ཡོད།

ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཡག་པོ་བསྒྲུབ་རྒྱུར་དམ་པོར་དམིགས་ནས་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་བསམ་བློ་སློབ་གསོའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་རེད།

དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་སྤེལ་བ་དང་། ཞིང་འབྲོག་མང་ཚོགས་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་པའི་ཁྲོད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ཡོད།

ཕྱོགས་ཡོངས་ནས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་ཆེད། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(སྡེ་ཁུལ)ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་ལས་དོན་ཡག་པོ་བསྒྲུབས་པ་དང་། ཞིང་འབྲོག་པའི་ཏང་ཡོན་ལ་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱས་པ། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱས་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱས་པ། བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། དམག་མི་དང་། ཉེན་རྟོག་པ། ས་གནས་བཅས་གསུམ་གྱི་མཉམ་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས“མཉམ་དུ་ལྔ་དང་བརྟན་གཏོང་ལྔའི”ལས་དོན་ཁྱབ་གདལ་བཏང་ཡོད།

དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་དང་ཁོང་ཚོར་དཀའ་གནད་སེལ་རོགས་བྱས་ཤིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ནི་ལས་བྱེད་པ་གྲོང་སྡོད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད། ཏང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལག་བསྟར་བྱ་ཆེད། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ལས་ཞུགས་རྒྱ་ཆེར་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་། སློབ་གསོ་འཕྲོད་བསྟེན། རིག་གནས་དམངས་ཕན་སོགས་ཐད་ཀྱི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རེ་སྒུག་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་དང་དཀའ་གནད་ཁག་གཅིག་བསྒྲུབས་ཐོག དུས་ཆེན་རིང་དབུལ་པོར་འཚམས་འདྲི་དང་བདེ་སྡུག་འདྲི་བའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཏང་དང་སྲིད་གཞུང་གི་བྱམས་སྐྱོང་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་ཡོད།

དྲིན་ཚོར་གླིང་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གི་ལས་དོན་རུ་ཁག་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། དམངས་ཀྱི་ཤེས་ཚད་མཐོ་རུ་གཏོང་བ། དམངས་ཕྱུག་པོ་ཆགས་པར་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་དོ་དམ་དཔེ་སྟོན་རྣམ་གྲངས་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་དུད་ཚང་དུ་བསྐྱོད་ནས་སྡེ་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཐོག ཚང་སྟོང་རྒན་རྒོན་དང་དབང་པོ་སྐྱོན་ཅན་གྱི་འཚོ་བའི་དཀའ་ངལ་ལ་དམིགས་ཏེ་དུས་ཐོག་ཏུ“སྡེ་ཁུལ་གྱི་གཅེས་སེམས་ཟ་ཁང”ཞིག་བཙུགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་20ལྷག་ཙམ་ལ་རིན་མེད་ངང་དགུང་ཟས་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག “དམངས་དོན་ཚབ་གཉེར”ཞབས་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་སྡེ་ཁུལ་གྱི་ཏང་ཡོན་12སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དམངས་འཚོའི་གནད་དོན་ཁག་300སྒྲུབ་རོགས་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་བསམ་ཡས་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས“ཏང་རྩ་འཛུགས་+(ལས་ཡུལ)ཀུང་སི་+གནས་སྤོས་དུད་ཚང”གི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་། གསར་གཏོད། ཁྱབ་གདལ་བཅས་བཏང་བ་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་གནས་སྤོས་དུད་ཚང་ལ་མཉམ་སྡེབ་ལས་ཞུགས་ཀྱི་ལས་ཡུལ་10མཁོ་འདོན་བྱས་པར་གླ་པ་རྒྱུག་མཁན་མི་ཐེངས་300ལྷག་ཙམ་ཟིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་ལ་ཕྱིར་མིག་ལྟ་སྐབས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། ཞིང་འབྲོག་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ། གྲོང་སྡེ་མཛེས་སྡུག་དང་གཙང་སྦྲ་ལྡན་པར་གྱུར་པ་བཅས་ལས་རིམ་ཁག་གྲོང་སྡོད་ལས་བྱེད་པའི་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་མདུན་སྐྱོད་ཀྱི་ཧུར་སེམས་དང་མང་ཚོགས་ཆེད་བློས་གཏོང་བྱས་པ་མཐོང་ཐུབ། འགོ་འཛུགས་ས་གསར་པའི་ཐོག་ཁོང་ཚོས་སྔར་རྒྱུན་ལྟར་ཞིང་འབྲོག་ཁུལ་དུ་གཞི་ཚུགས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཕྱུག་པོ་ཆགས་པར་རོགས་རམ་བྱས་ཏེ་བརྩེ་སེམས་དངོས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།