ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་ཕྱི་དྲོར། “རྒྱང་སྐྱོད་ལམ་བུ་གསར་པའི་ཀྲུང་གོ བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། གོང་འཕེལ་ཁྲོད་ཀྱི་རྣམ་པ་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོར་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཚང་མས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་དེ་རིང་དེ་བས་དར་རྒྱས་ཡར་ཐོན་དང་། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ། གདེང་ཚོད་ཆེ་ཞིང་སྒོ་མོ་དབྱེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་འཆར་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམ་པོར་དམིགས་པ་དང་ལས་གནས་ལ་གཞི་ཚུགས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་པ་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་ལ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་མཉམ་དུ་འགོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
“དེ་རིང་གི་ངོ་སྤྲོད་བྱེད་སྒོའི་ཐོག‘བོད་ཀྱི་སྤུས་རྟགས’མང་དག་ཅིག་འཛམ་གླིང་ལ་ངོ་སྤྲོད་གཏིང་ཟབ་བྱས་ཏེ་བོད་ལྗོངས་དང་འཛམ་གླིང་དབར་མཉམ་ལས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་པ་དང་། བརྩེ་བ་ཟབ་མོ་བཅངས་པའི་ཕ་ཡུལ་འཛམ་གླིང་ཡོངས་སུ་མངོན་པ་མཐོང་སྐབས་ང་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་ཟླ་ཚེ་རྡོ་རྗེས་ལག་ཐོགས་ཁ་པར་བརྒྱུད་ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོའི་ཐད་གཏོང་ལྟ་གིན་དེ་ལྟར་བཤད།
འདི་ལོ་ལོ་30ལ་སླེབས་པའི་ཟླ་ཚེ་རྡོ་རྗེ་ལྷ་སར་སྐྱེས་པ་དང་ཆུང་དུས་ནས་ཕ་མེས་ཚོའི་ཤུགས་རྐྱེན་འོག་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད། ལོ་7ནས་བཟུང་ཐང་ག་བཞེངས་སྟངས་སྦྱངས་རྗེས་ཐང་ག་འདི་ཉིད་ཁོང་གི་མི་ཚེའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ནས་ད་ཆ་ལྷ་སར་ཐང་ག་བཟོ་རྩལ་གྱི་ཐོན་རྫས་ཚོང་ཁང་ཞིག་བཙུགས་ཡོད་ཅིང་། ཁོང་གིས“ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱིས་བོད་ཀྱི་ཐང་གའི་སྲོལ་རྒྱུན་སྒྱུ་རྩལ་དེ་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ངོ་སྤྲོད་བྱེད་སྒོའི་ཐོག འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དང་བོད་ལྗོངས་འཛམ་གླིང་དང་མཉམ་འདྲེས་བྱེད་པའི་འབྲེལ་ཟམ་བཙུགས་ཡོད་པས་མི་དེ་བས་མང་བས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དེ་བས་དོ་ཁུར་གང་མང་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
“ངོ་སྤྲོད་བྱེད་སྒོ་འཛམ་གླིང་ལ་ཕྱོགས་པ་དང་ས་མཐོའི་ས་གཞི་ཆེ་མོར་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་པ་མངོན་ཡོད”ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོ་དྲ་ཐོག་ནས་བལྟས་རྗེས། ཧྲང་ཧའེ་ཧྭ་ཏུང་དགེ་འོས་སློབ་ཆེན་ལུས་རྩལ་དང་བདེ་ཐང་སློབ་གླིང་གི་འབུམ་རམས་པ་ཀྲུའུ་ཡ་ཁྲེང་གིས་ལོ་ངོ་70ཡི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། བོད་ཀྱི་ལུས་རྩལ་དང་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དེས་ཕྱི་རོལ་ཡུལ་དུ་ལུས་སྦྱོང་བྱ་རྒྱུར་དགའ་པོ་བྱེད་མཁན་མང་པོ་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ང་ཚོས་ངོ་སྤྲོད་བྱེད་སྒོ་གོ་སྐབས་གསར་པར་བྱས་ཏེ་གྲོགས་པོ་དེ་བས་མང་བས་བོད་ལྗོངས་རྒྱུས་མངའ་ལོན་པ་དང་བོད་ལྗོངས་སུ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། འབྱུང་འགྱུར་བོད་ལྗོངས་ཀྱིས་ལུས་རྩལ་དང་ཡུལ་སྐོར་རྣམ་གྲངས་དང་ཡུལ་སྐོར་ཐོན་ཁུངས། དམངས་སྲོལ་གོམས་གཤིས། སྲོལ་རྒྱུན་རིག་གནས་བཅས་ཕན་ཚུན་མཉམ་འདྲེས་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོར་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།