བོད་རང་སྐྱོང་ལྗོངས་ཀྱི2021ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་། ཞིང་ལས་གྲོང་གསེབ་ཐིང་། སློབ་གསོ་ཐིང་། ཚན་རྩལ་ཐིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས་མཉམ་དུ་གཉེར་བའི་རང་སྐྱོང་ལྗོངས་ཀྱི་2021ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་རྒྱལ་སྒོའི་ནུབ་ཏུ་གཅིག་སྡུད་ཐོག་དྲིལ་བསྒྲགས་ས་ཚིགས་ཤིག་བཟོས་ཏེ། ཚན་པ་ཁག་གིས་རང་ངོས་ཀྱི་ལས་རིགས་དང་འགན་ནུས་སོགས་ཁྱད་ལྡན་ལེགས་ཆར་བརྟེན་ནས་བརྙན་ལམ་དྲིལ་བསྒྲགས་དང་། འགྲེམས་པང་སྟོན་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་གི་བློ་འདྲི་སོགས་ཐབས་ལམ་མང་པོ་བརྒྱུད་འགྲོ་འོང་བྱེད་མཁན་མང་ཚོགས་ལ《འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག》དང་། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དུས་བབ། འབྲུ་རིགས་མཁོ་སྤྲོད་གནས་ཚུལ། བདེ་ཐང་འཛད་སྤྱོད་དང་དེ་བཞིན་འཚོ་བཅུད་ལྡན་པའི་ཟ་མ་སོགས་ཚན་རིག་ཁྱབ་གདལ་ཤེས་བྱ་དང་འབྲུ་རིགས་གྲོན་ཆུང་དང་འཕྲོག་བརླག་མི་གཏོང་བའི་བྱེད་ཐབས་ནུས་ལྡན་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས“ལོ་ལེགས་བྱུང་ཡང་གྲོན་ཆུང་མི་བརྗེད་པ་དང་། འཛད་སྤྱོད་བྱེད་སྐབས་འཕྲོག་བརླག་མི་གཏོང་བའི”རྣམ་པ་བཟང་པོ་དར་སྤེལ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།