ཆབ་མདོ་གྲོང་ཁྱེར་གྱིས་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ནུས་རྒྱུ་གྲོན་ཆུང་དང་ཐཱན་འབུད་ཉུང་གཏོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཡོང་བར་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱེད་པའི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ལ་གློག་གྲོན་ཆུང་དང་། ཆུ་གྲོན་ཆུང་། ཐཱན་ཉུང་ཕྱིར་སྐྱོད། ཡ་རབས་ཟས་སྤྱོད། གད་སྙིགས་རིགས་དབྱེ་སོགས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ལ་རང་ཉིད་ནས་འགོ་བཙུགས་ཏེ“ནུས་རྒྱུ་གྲོན་ཆུང་དང་ཐཱན་འབུད་ཉུང་གཏོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཡོང་བའི”ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས་རང་འགན་འཁུར་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་ལག་དེབ་དང་། དྲིལ་བསྒྲགས་པར་རིས། བརྡ་ཁྱབ་2000ལྷག་ཙམ་དང་ཁོར་ཡུག་སྲུང་སྐྱོང་གི་ཉོ་སྒྲུབ་ཁུག་མ་800 ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་700བཅས་སྤྲད་པ་རེད། དེ་དང་ཆབས་ཅིག་བྱེད་སྒོ་སྤེལ་སྐབས་ད་དུང་བདལ་གཏོང་རླངས་འཁོར་གྱི་LEDབརྙན་ཤེལ་དང་། ཇ་རྟའི་ཐང་ཆེན་གྱི་བརྙན་ཤེལ་ཆེན་པོ། ཆབ་མདོའི་ཐོག་བརྩེགས་ཁང་ཆེན་གྱི་ཐོག་སོ་དང་པོའི་ཚོམས་ཆེན་གྱི་བརྙན་ཤེལ་བཅས་ཀྱི་ཐོག་ནས་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་བརྙན་ཐུང་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།