—— ཉེ་བའི་ལོ་ཤས་རིང་གི་ལྷ་རྩེ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ལྷ་རྩེ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་13.7ཟིན་ནས་ལོར་ཆ་སྙོམས་10.58%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་8.55བཏང་ནས་ལོར་ཆ་སྙོམས་17.1%འཕར་བ།
སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་3.4ཟིན་ནས་ལོར་ཆ་སྙོམས་17.51%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13535ཟིན་ནས་ལོར་ཆ་སྙོམས་12.87%འཕར་ཡོད། གྲངས་གཞི་འདི་དག་ལས་ལྷ་རྩེ་རྫོང་གི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ར་སྤྲོད་གང་ལེགས་ཐུབ་ཡོད།
སྤུས་ཚད་ཡག་ཏུ་དང་མྱུར་ཚད་མགྱོགས་སུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།
ལོ་5ཡི་རིང་ལྷ་རྩེ་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་གནད་སྨིན་ཇུས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བཅས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་བས་གཞིས་རྩེའི“ལྟེ་གནས་ཕལ་པའི”གྲོང་ཁྱེར་གྱི་གནས་བབ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།
རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མིག་སྔར་ལྷ་རྩེ་རྫོང་གི་ཤང་དང་གྲོང་རྡལ་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་སྟེ། སྒྲིག་ཚུད་གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། ཤར་བགྲོད་ཐུབ་ཚད་95%ཟིན་པ། གློག་མཁོ་འདོན་ཐུབ་ཚད་100%ཟིན་པ། གློག་དྲ་ཆེ་མོའི་ཁྱབ་ཁོངས་ནང་སྒྲིག་ཚུད་གྲོང་ཚོར་སྒུལ་ཤུགས་གློག་ཤར་གཏོང་ཐུབ་ཚད་100%ཟིན་པ། འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་རྦད་དེ་ཐག་གཅོད་ཐུབ་པ། ཆུ་ཀ་ལ་ཁྲིད་ཚད་98%ཟིན་པ། ཆུའི་སྤུས་ཚད་100%ཟིན་པ། གློག་འཕྲིན་དང་སྒུལ་བདེའི་ལག་ཐོགས་ཁ་པར་གྱི་དྲ་རྒྱ་དང་དྲ་ཆེན་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་ཤར་གཏོང་ཐུབ་ཚད་100%ཟིན་པ། འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་། འཐུང་ཆུ་དཀོན་པ། གློག་སྤྱོད་དཀའ་བ་སོགས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།
ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་ཕྱིན་ཞིང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་གསར་བརྗེར་བརྟན་པོའི་ངང་སྐུལ་འདེད་བཏང་བས། ཇོ་མོ་གླང་མའི་ནོར་ལུག་དང་། བོད་བྱ་གསོ་ཚགས། ནས་འདེབས་འཛུགས། པད་ཁ་ལས་སྣོན་སོགས་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་གཞི་ཁྱོན་འཕེལ་རྒྱས་ཕྱིན་པ་དང་། ཁ་གདན་དང་། བོད་གྲི སྣམ་བུ། བོད་རུམ་སོགས་མི་རིགས་ལག་ཤེས་བཟོ་ལས་གང་མགྱོགས་ཕྱོགས་སྒྱུར་བྱུང་བ་དང་། དེང་རབས་ཟོག་འགྲེམས་དང་རིག་གནས་སྤྲོ་གསེང་སོགས་ཀྱི་ཐོན་ལས་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར་ནས། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཐེབས་ཏེ། རིག་གནས་ཀྱི་ཡུལ་སྐོར་སྤུས་རྟགས་ཡིན་པའི་སྟོད་གཞས་དེ་བས་སྐད་གྲགས་ཆེ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷ་རྩེ་རྫོང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་77.58ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.5བྱུང་ཡོད།
འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་ཕྱིན་ཞིང་། ཡག་ཆུ་ཨར་འདམ་བཟོ་གྲྭ་དང་ཧོ་རུན་རྡོ་རྒྱུ་བཟོ་གྲྭ་སོགས་གཙོ་གནད་ཁེ་ལས་གསར་པ་ཁག་གཅིག་བཙུགས་ནས་ཐོན་སྐྱེད་བྱེད་འགོ་བཙུགས་པ་དང་། ཇོ་མོ་གཡག་རའི་ཚོང་ལས་ཕྱོགས་བསྡུས་ཁྲོམ་གཞུང་སོགས་རྣམ་གྲངས་34ནང་འདྲེན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་22.55དམིགས་སར་འབྱོར་བ་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་1དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་བཅས་1156 ཁྲོམ་རའི་བྱེད་པོ་དུད་ཚང་5003 ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་380བཅས་བར་འཕེལ་རྒྱས་ཕྱིན་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད་པ་རེད།
ལྗང་མདོག་སྔོན་ལ་འཇོག་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།
ལོ་5ཡི་རིང་ལྷ་རྩེ་རྫོང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་2.9དང་འོས་འགན་ཤིང་འཛུགས་ནགས་བཟོ་མུའུ་709དང་སྡོང་རྐང་ཁྲི་4.04གསར་འཕར་བྱུང་ནས་རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད་17.9%ཟིན་ཡོད། ལྷ་རྩེ་གྲོང་བརྡལ་དཔེ་ལེབ་གྲོང་ཚོ་དང་ལྷ་རྩེ་གྲོང་ཚོའི་འདམ་ར་སྲུང་སྐྱོང་སླར་གསོའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། རྫོང་གྲོང་གི་འཛུལ་སྒོའི་འདམ་ར་གང་མགྱོགས་སླར་གསོ་བྱས་པ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྲོང་ཚོ་49བསྐྲུན་པས། ལྷ་རྩེ་རྫོང་གི་རི་ཆུ་ཀླུང་གསུམ་སྔར་བས་ལེགས་སུ་ཕྱིན་ཡོད།
མེ་ཏོག་སྣ་བརྒྱ་བཞད་པ་ལྟར་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཕྱིན་པ།
ལོ་5ཡི་རིང་ལྷ་རྩེ་རྫོང་གིས་རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། རིག་གནས་ལ་བརྟེན་ནས་མི་སེམས་འགུགས་པ།
རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ། དྲང་ནུས་གཅིག་ཏུ་སྒྲིལ་བ། སྙིང་སྟོབས་འཕེལ་བ། མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་རིག་གནས་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་བཏང་ཡོད།
རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཧུར་ཐག་བྱས་པས། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་3མང་དུ་ཕྱིན་པ་དང་ལྷ་རྩེར“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད། 《རྒྱུད་སྐུད་སྟེང་གི་ལྷ་རྩེ》སོགས་རིག་རྩལ་བརྩམས་ཆོས་78གསར་རྩོམ་བྱས་པ་དང་། 《དཔྱིད་ཀྱི་དཔལ་ཡོན་བཞད》ཅེས་པའི་བརྩམས་ཆོས་རྒྱལ་སྤྱིའི་གར་སྟེགས་ཐོག་གཟི་བརྗིད་ལྡན་པའི་ངང་འཁྲབ་ཡོད། བོད་ལྗོངས་སྟོད་གཞས་ཀྱི་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཡར་ཀླུང་གཙང་པོའི་རྐང་འཁོར་བཞོན་པའི་བྱེད་སྒོ་སྐབས་གསུམ་བསྟུད་མར་གཉེར་བ་དང་། རྫོང་དུ་སྒྱུ་རྩལ་ཚོགས་པ་དང་། གྲོང་ཚོར་རིག་རྩལ་རུ་ཁག རྫོང་དང་། ཤང་། གྲོང་ཚོ་བཅས་སུ་སྟོད་གཞས་ཀྱི་རིག་གནས་འཁྲབ་སྟོན་བྱེད་སྒོ་རྟག་ཏུ་སྤེལ་བ། སྟོད་གཞས་ཀྱི་རིག་གནས་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།
དམངས་འཚོ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།
ལོ་ལྔའི་རིང་ལྷ་རྩེ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། “གཉིས་གཏོད”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས་དམངས་འཚོའི་བྱ་གཞག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཅིང་།
ལྷ་རྩེ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཧྲག་དམག་དཔུང་འཇུག་དང་། མཐའ་མའི་དམག་འཐབ་རྒྱག་པ། རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱས་པས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། མི་འབོར་དབུལ་པོ་ཁྲི་1.29ཚང་མ་དབུལ་སྒྲོལ་ཐུབ་པ། གྲོང་ཚོ་དབུལ་པོ་98ཚང་མ་དབུལ་སྒྲོལ་ཐུབ་པ། གནས་སྤོས་མང་ཚོགས་4925སྡོད་ཁང་གསར་པར་སྤོས་པ། ལྷ་རྩེ་རྫོང་དུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་བསལ་ཏེ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་ལ་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ལམ་བུར་གོམ་ཞེང་ཆེན་པོས་བསྐྱོད་ཡོད།
ལས་ཞུགས་ལས་གཏོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ལྷ་རྩེ་རྫོང་གིས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱ་རྒྱུ་དེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ངལ་ནུས་ཕྱིར་གཏོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བས། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་མི་གྲངས་དང་ཡོང་འབབ་གཉིས་ཀ་འཕར་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལོ་བཞི་བསྟུད་མར་ལས་ཞུགས་ཐུབ་ཚད་99%ཡན་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་1757འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་2%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཐོག་མའི་བསམ་འདུན་བསྲུངས་ནས་མུ་མཐུད་འབད་འཐབ་བྱས། འགན་འཁྲི་ཕྲག་ཏུ་ཁུར་ནས་འབད་འབུངས་མདུན་སྐྱོད་བྱས།