ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཁྲོམ་ར་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་ཐབས་ལམ་གཉིས་ལ་དམིགས་ནས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།
ཆབ་མདོ་གྲོང་ཁྱེར་གྱིས《2021ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཇུས་གཞི》དུས་ཐོག་ཏུ་བཟོས་ནས་བཀྲམ་པ་དང་། ཆེད་མི་སྐོང་འཐེན་གྱིས་ལས་བྲལ་མཉམ་འབྲེལ་གཞུང་དོན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་ལས་ཀའི་སྟོབས་ཤུགས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ། 2021ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། དེ་དང་ཆབས་ཅིག་2018ལོ་ཚུན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ། ལས་ཞུགས་དེ་ལས་ཀ་ཤོར་བ་དང་ལས་ཀ་སྒུག་མཁན་ལ་གཞན་སྒྱུར་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མ་169ལ་རོགས་སྐྱོར་རྩིས་ཁྲ་བཟོས་ཤིང་། མིག་སྔར་རོགས་སྐྱོར་བྱ་ཐབས་ཁག་དོན་འཁྱོལ་བྱས་པ་བརྒྱུད་མི་155ལས་ཞུགས་ཐུབ་ཡོད་པ་རེད།
2021ལོར། ཆབ་མདོ་གྲོང་ཁྱེར་གྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མས་སྦྱངས་པའི་ཆེད་ལས་གཙོ་བོ་སློབ་གསོ་དང་། བཟོ་ཚོང་དོ་དམ། གློག་རྡུལ་ཆ་འཕྲིན སྐད་ཡིག་རྩོམ་རིག་སོགས་ཡིན་པ་རེད། ལས་གནས་བཀོད་སྒྲིག་བྱེད་ཚད་མཐོ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཐེན་ཅིན་དང་། ཁྲུང་ཆིང་། ཧྥུའུ་ཅན་བཅས་སུ་ལས་ཞུགས་བོད་སྐྱོར་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལྗོངས་ཕྱིའི་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ཤིང་། མིག་སྔའི་བར། ལྗོངས་ཕྱི་ནང་དུ་ལས་ཞུགས་ལས་གནས་སྣ་ཚོགས་7786གསར་སྤེལ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་སློབ་གྲྭ་ནས་ཁ་བྲལ་རྗེས་ལས་གནས་མང་པོ་གདམ་ག་བྱེད་ཆོག་པའི་འགན་ལེན་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱིས“གཅིག་གཏད་གཅིག་དང་། གཅིག་གཏད་མང་བ། མང་གཏད་གཅིག”བཅས་ཀྱི་ལས་ཞུགས་རོགས་སྐྱོར་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ། “ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པས་མི་3ལ་རོགས་སྐྱོར་བྱེད་པ་དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པས་མི་2ལ་རོགས་སྐྱོར་བྱེད་པ། རྫོང་དང་ཁྲུའུ་རིམ་པ་མན་གྱི་ལས་བྱེད་པས་མི་1ལ་རོགས་སྐྱོར་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ལས་བྱེད་ལས་བཟོ་3873དང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་4260ཆ་སྒྲིག་བྱ་རྒྱུ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ལས་གནས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་གདལ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མར་ཡང་དག་པའི་ལས་ཞུགས་ལས་འདེམས་ལྟ་བ་ཡག་པོ་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།
2021ལོར། ཆབ་མདོ་གྲོང་ཁྱེར་གྱི་གཞུང་ལས་ལས་གནས་ཀྱི་ལས་མི་བསྡུ་བའི་ཐད་མི་12162ཀྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་ཡོད། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་རྒྱུགས་གནས་ཁག་ཏུ་ལས་ཞུགས་ལས་གཏོད་སྲིད་ཇུས་ཀྱི་དྲིལ་བསྒྲགས་ས་ཚིགས་བཙུགས་ཏེ། སྲིད་ཇུས་དྲིལ་བསྒྲགས་ཁྱབ་ཁོངས་ཆེ་རུ་དང་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་ནས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཏེ། སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་ལེགས་པ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཆབ་མདོ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་བ།