ལྷ་ས་གྲོང་ཁྱེར་གྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་རྒྱལ་ཡོངས་ཀྱི་ཞིང་ལས་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷ་ས་གྲོང་ཁྱེར་གྱིས་ནས་ཀྱི་ཐོན་ལས་དེ་གྲོང་ཁྱེར་ཡོངས་ཀྱི་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་བརྩིས་ནས་ཇུས་འགོད་བྱས་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཐོན་ནུས་རྒྱ་ཆེར་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་གཏིང་ཟབ་བྱེད་པ། སྤུས་རྟགས་གཏོད་པ། ཁྲོམ་ར་རྒྱ་སྐྱེད་གཏོང་བ། རིག་གནས་གཏོད་པ་བཅས་ལ་ཕན་འབྲས་དངོས་ཐོན་རྒྱུར་ཤུགས་སྣོན་བརྒྱབ་པས་ནས་ཀྱི་ཐོན་ལས་ལ་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

མིག་སྔར། ལྷ་ས་གྲོང་ཁྱེར་དུ་ནས་ལས་སྣོན་ཁེ་ལས(མཉམ་ལས་ཁང)སྣ་ཚོགས་48དང་ནས་ལས་སྣོན་ཞིབ་ཚགས་ཁེ་ལས་11ཡོད་པ་དང་། ལོར་ནས་ལས་སྣོན་བྱེད་ཚད་ཏུན་ཁྲི་3.32ཟིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10.8ཙམ་ཟིན་ཡོད་པ་རེད། དེའི་ནང་གཞི་ཁྱོན་ཡན་གྱི་ནས་ལས་སྣོན་ཁེ་ལས་8ཀྱི་ལོའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་10.17ཟིན་པ་དང་འབྲེལ་ནས་ཆང་དང་། ནས་ཀྱི་སྐྱུར་ཁུ། β-རྒུན་འབྲུམ་མངར་རྒྱུ་ལེན་པ་སོགས་ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་ཁག་གཅིག་ལ་བསྒྱུར་ཡོད་པ་རེད།

ལོ་ལེགས་བྱུང་ན་གཞི་ནས་ཐོན་རྫས་བཟོ་ཐུབ། ཐོན་ལས་ལ་མ་བཅོས་རྒྱུ་ཆ་འདང་ངེས་མཁོ་འདོན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ནས་འདེབས་པའི་ཐད་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དོ་སྣང་བྱས་པ་མ་ཟད། ད་དུང་ནས་ཀྱི་ཐོན་སྐྱེད་ལྟེ་བའི་ཁུལ་6དབྱེ་འབྱེད་གཏན་འཁེལ་བྱས་ནས་མུའུ་སྟོང་གི་ནས་ཀྱི་ལྗང་མདོག་སྤུས་མཐོ་ཕན་ཆེའི་གཅིག་སྡུད་གསར་གཏོད་ལག་རྩལ་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བཙུགས་ཏེ། ནས་ཀྱི་ལྗང་མདོག་སྟབས་བདེ་དང་སྤུས་མཐོ་ཕན་ཆེའི་ལག་རྩལ་དང་བྱེད་ཐབས་ཀྱི་དཀའ་གནད་བསལ་བས། སོན་བཟང་དང་། ཞིང་བཟང་། ཐབས་བཟང་བཅས་རྟ་སྒ་ཆ་སྒྲིག་བྱུང་བ་དང་། ངལ་རྩོལ་མ་གནས་50%གྲོན་ཆུང་ཐུབ་པ། འཕྲུལ་ཆས་ཕྱོགས་བསྡུས་སྤྱོད་ཚད་25%མཐོ་རུ་ཕྱིན་པ། རྣམ་གྲངས་ཁུལ་གྱི་ནས་མུའུ་རེ་ནས་ཐོན་འཕར་སྤྱི་རྒྱ་15ལྷག་ཙམ་བྱུང་ཡོད་པ་རེད།

སྤུས་རྟགས་ནི་ཕྱིར་ཚོང་གི་བསྡོམས་གྲངས་རེད། ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྤུས་རྟགས་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་ནས་ཐོན་ལས་ཅན་ལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཤུགས་རྒྱག་སར་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ས་གཙང་བདེ་ཐང་ཐོན་ལས་ཀྱི་སྤུས་རྟགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ནས་ཀྱི་ཐོན་རྫས་ཚད་བརྒལ་བྱ་གཞིར་བྱས་ནས“ཡོན་ཙང”དང“ལྷ་སའི་སྦི་རག”སོགས་སྤུས་རྟགས་རབ་དང་རིམ་པ་རིམ་བཞིན་བཏོད་པས། “ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས+ཁེ་ལས་ཀྱི་སྤུས་རྟགས+ཐོན་རྫས་སྤུས་རྟགས”བཅས་ཕྱོགས་གསུམ་གཞི་གཅིག་གི་ཚོགས་སྒྲིག་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

དུས་མཚུངས་སུ། ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གཉིས་ཀྱི་ཁྲོམ་རའི་ལེགས་ཆར་བརྟེན་ཏེ། པེ་ཅིང་དང་། ཅང་སུའུ། ལྷ་ས་བཅས་ཀྱི་ཞིང་ལས་སྣེ་འདྲེན་ཁེ་ལས་དང་སྤེལ་རེས་མཉམ་ལས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་བརྒྱུད། དྲ་ཐོག་ཚོང་ཁང་དང་། སྐད་འཕྲིན་ཚོང་ཁང་། བརྙན་འཕྲིན་ནས་ཉོ་སྒྲུབ། ཐད་ཚོང་ཁང་སོགས་རྣམ་པ་མང་པོ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཕྱིར་ཚོང་དྲ་བ་བསྐྲུན་པ་དང་འབྲེལ། འོས་སྦྱོར་འདུ་ཚོགས་དང་ཕྱིར་ཚོང་སྟེགས་བུ་བཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཀྱི་ཐོན་རྫས་ཁག་པེ་ཅིང་དང་ཅང་སུའུ་ཡི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།