ཐབས་ལམ་སྣ་ཚོགས་གཞི་ཁྱོན་རྒྱ་སྐྱེད་བཏང་། ངལ་ནུས་ཡོང་འབབ་འཕར་བའི་གཏམ་བཟང་སྙན།

—— བོད་ལྗོངས་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

འདི་ལོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཞུགས་ཐབས་ལམ་ཡངས་སུ་གཏོང་བ་དང་། ལས་ཞུགས་གཞི་ཁྱོན་རྒྱ་སྐྱེད་གཏོང་བ། ངལ་ནུས་ཡོང་འབབ་མང་དུ་གཏོང་བ་བཅས་རྒྱུན་མཐུད་བྱས་ཡོད།

ཟླ་7པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་55.4ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་46.1ཟིན་ནས་ལས་ཞུགས་གཞན་སྒྱུར་མི་གྲངས་དང་ངལ་ནུས་ཡོང་འབབ་གཉིས་ཀ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་རེད།

རྩ་འཛུགས་ཅན་གྱི་གཞན་སྒྱུར་དེ་རྒྱུན་རྣམ་ཅན་དུ་གྱུར་པ།

འདི་ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། མི་སྒེར་གྱི་ས་ཁོངས་སྒྲོལ་བའི་ལས་ཞུགས་གཞན་སྒྱུར་དང་། ཁེ་ལས་ཀྱིས་ལས་མི་བསྡུ་བ། ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར། མི་སྒེར་གྱི་རང་རྟེན་ལས་གཏོད་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བས་ཅུང་འཐུས་སྒོ་ཚང་བའི་སྲིད་ཇུས་ཀྱི་མ་ལག་ཅིག་ཆགས་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ་དང་། ཆེད་བསྐོས་མི་སྣ་དང་ཆེད་དོན་ཚན་ཁག་གིས་སྒྲུབ་པ། ལས་ཞུགས་ལས་གནས་སྦྲེལ་མཐུད་དང་རྗེས་སྙེག་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་པ་རེད།

རང་སྐྱོང་ལྗོངས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གཞུང་ལས་ཁང་གིས་ལས་དོན་ལ་སྐུལ་འདེད་བཏང་ཚུལ“ཟླ་ཕྱེད་ལ་བརྡ་ཁྱབ་ཐེངས་རེ་གཏོང་བའི”ལམ་ལུགས་ལག་ལེན་བསྟར་ནས་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ་དང་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱས་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་བྱེད་སྟངས་དང་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་ངལ་ནུས་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་གཏོང་བ་དང་། “ལས་གཉེར་ཐད་གཏོང་རླངས་འཁོར”ཤར་གཏོང་བྱེད་པ། སྒྲིག་འཛུགས་ཡོད་པའི་སྒོ་ནས་ས་ཁོངས་སྒྲོལ་ཏེ་ཕྱིར་གཏོང་བྱེད་པ། ས་ཁོངས་སྒྲོལ་བའི་ལས་ཞུགས་གཞན་སྒྱུར་གྱི་ཞབས་ཞུའི་ས་ཚིགས་འཛུགས་པ། ངལ་ནུས་ཕྱིར་གཏོང་གི་སྤུས་རྟགས་གཏོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱུན་རྣམ་ཅན་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཞན་སྒྱུར་ཐུབ་པ་བྱས་པ་རེད།

ཟླ་7པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་སྣ་ཚོགས་7800ལྷག་ཙམ་ཡོད་པ་དེ་ལོ་སྟོད་དང་བསྡུར་ན་767གྱིས་མང་དུ་སོང་ཡོད། སྒྲིག་འཛུགས་ཡོད་པའི་སྒོ་ནས་མི་ཁྲི་33.2ངལ་ནུས་ཕྱིར་གཏོང་བྱས་པ་དང་མི་5073ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་བྱས་ནས་མེ་ཏོག་གི་ཇ་འཐོག་མཁན་དང་སྙེ་མོའི་སྤོས་བཟོ་མཁན་སོགས་ཤུགས་རྐྱེན་ངེས་ཅན་ལྡན་པའི་ངལ་ནུས་སྤུས་རྟགས་རྩེ་གྲ་20བཏོད་དེ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།

རྣམ་གྲངས་ནང་ཞིང་འབྲོག་ལས་མི་བསྡུ་ཚད་མཐོ་རུ་སོང་བ།

“དེ་སྔོན་ང་ཚོ་ནང་མི་ཚང་མར་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་5ལས་མེད། ད་ཆ་ང་དང་གཅེན་པོ་ལ་ལྷོ་ཆུ་མཛོད་དུ་ལས་ཀ་བྱེད་ཀྱི་ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ཡོང་གི་འདུག”ཅེས་གཞིས་རྩེ་ས་སྐྱ་རྫོང་ལ་ལྷོ་ཤང་འདམ་ཕུ་གྲོང་ཚོའི་བསོད་ནམས་ཕུན་ཚོགས་ཀྱིས་བཤད།

ལ་ལྷོ་ཆུ་མཛོད་སྐྲུན་པའི་བརྒྱུད་རིམ་ནང་ས་གནས་དེ་གའི་འཕྲུལ་ཆས་སྒྲིག་ཆས་དང་སྐྱེལ་འདྲེན་རླངས་འཁོར་བོགས་མར་བཏང་ཚད་60%བཟུང་བ་དང་ས་ཆ་དེ་གའི་ཞིང་འབྲོག་པ་མི་ཐེངས་400ལྷག་ཙམ་ལས་ཞུགས་ཐུབ་ཡོད།

ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བའི་ནང་བོད་ལྗོངས་ཀྱིས་སྲིད་གཞུང་གིས་མ་དངུལ་བཏང་བའི་རྣམ་གྲངས་ནང་ལས་ཞུགས་བསྡུ་ལེན་བྱེད་པའི་ཆེད་དོན་སྦྲེལ་མཐུད་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། རྣམ་གྲངས་ནང་ཞིང་འབྲོག་ལས་མི་བསྡུ་ཚད་ཁ་གསལ་བཟོས་ནས་ཞིང་འབྲོག་པའི་འཕྲུལ་ཆས་དང་རླངས་འཁོར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཡོད།

ཟླ་7པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་སྲིད་གཞུང་གིས་མ་དངུལ་བཏང་བའི་རྣམ་གྲངས་ཀྱིས་ཞིང་འབྲོག་པ་ཁྲི་9.1ལས་ཞུགས་གཞན་སྒྱུར་བྱས་པ་དང་ཞིང་འབྲོག་པས་ལས་མི་སྤྱོད་ཚད་བསྡོམས་འབོར་གྱི་65.8%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་15.5འཕར་བ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་6.5བྱུང་ཡོད།

གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ལ་འཚམ་པའི་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ཡོད། “ཀུང་སི+ཞིང་དུད”དང“མཉམ་ལས་ཁང+ཞིང་དུད”སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཟླ་7པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱིས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཞིང་འབྲོག་མང་ཚོགས་ཁྲི་7.6ལས་ཞུགས་གཞན་སྒྱུར་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་5.9བྱུང་ཡོད།

རྩལ་ནུས་གསོ་སྦྱོང་དེ་བས་གནད་ལ་སྨིན་པ།

འདི་ལོ་ནས་བཟུང་། བོད་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི་བྱ་སྤྱོད”སྤེལ་ནས་ཞིང་འབྲོག་པའི་གསོ་སྦྱོང་གི་འདུན་པ་དེ་ཁྲོམ་རའི་དགོས་མཁོ་དང་། ཐོན་ལས་འཕེལ་རྒྱས། རྣམ་གྲངས་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་བྱས་ཏེ། ཁག་བགོས་དང་། རིགས་དབྱེ། རིམ་དབྱེ་བཅས་ལ་བརྟེན་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་པ་དང་། “མངགས་ཐོ་དང་། ལས་གནས་གཏན་འཁེལ། ཁ་ཕྱོགས་གཏན་འཁེལ”བཅས་ཀྱི་གསོ་སྦྱོང་མངོན་གསལ་དོད་པོ་བྱས་ཏེ་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་སྔར་བས་མཐོ་རུ་བཏང་ཡོད།

ཟླ་7པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཁྱོན་ཞིང་འབྲོག་པ་ཁྲི་6གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་བྱས་རྗེས་མི་ཁྲི་1.7ལས་ཞུགས་ཐུབ་ནས་གསོ་སྦྱོང་བྱེད་ཞོར་དུ་ལས་ཞུགས་ཐུབ་པ་དང་འབབ་འཕར་ཐུབ་པ་བྱུང་ཡོད།

དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་རྟེན་གཞི་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་རྟེན་གཞི་དེ་སྔའི་652ནས་ད་ལྟའི་762བར་མང་དུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་6.7གྱིས་ལས་ཞུགས་རྟེན་གཞིར་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་5.6བྱུང་ཡོད། དེ་དང་དུས་མཚུངས། རྟེན་གཞིར་ལས་ཞུགས་ཐུབ་པའི་ཞིང་འབྲོག་མང་ཚོགས་ཀྱིས་གཏན་འཇགས་ཀྱི་ངལ་ནུས་གྲོས་མཐུན་བཞག་ནས“འགན་བཅོལ་ལྔ་དང་སྤྱི་གསོག་མ་དངུལ་གཅིག”འཇལ་སྤྲོད་བྱས་པ་དང་འབྲེལ་རྟེན་གཞིར་བརྟེན་ནས་རྩལ་ནུས་གསོ་སྦྱོང་དང་ལེན་བྱས་པས་སྤུས་ཚད་མཐོ་བའི་ལས་ཞུགས་བརྟན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།