ཞིང་ནང་ལོ་ལེགས་སྨིན། ངོ་གདོང་འཛུམ་གྱིས་ཁེངས།

—— “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་ཕྱིན་པའི་སྐོར་བཀོད་པ།

“ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བས། འདེབས་འཛུགས་ལས་རིགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། ནས་ཀྱི་ཐོན་འབོར་དང་མུའུ་རེའི་ཐོན་ཚད་གཉིས་ཀ་འཕར་ནས་དུས་རབས་གསར་པའི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

ན་ནིང་ལོ་མཇུག་བར། ལྗོངས་ཡོངས་ཀྱི་འབྲུ་རིགས་དང་ནས་ཀྱི་ཐོན་འབབ་ཏུན་ཁྲི་103དང་ཏུན་ཁྲི་79.5སོ་སོར་ཟིན་པ་དེ་2015ལོ་ལས་ཏུན་ཁྲི་2.37དང་ཏུན་ཁྲི་8.65སོ་སོར་འཕར་ཞིང་། འབྲུ་རིགས་ཀྱི་ཐོན་འབབ་ལོ་6བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་བྱུང་བ་དང་ནས་ཀྱི་ཐོན་འབབ་འཕར་ཚད་12.7%སོ་སོར་ཟིན་ཡོད། སྔོ་ཚལ་གྱི་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་84.34ཟིན་པ་དེ་2015ལོ་ལས་ཏུན་ཁྲི་14.71འཕར་བ་དང་འཕར་ཚད་21.57%ཟིན་ནས་སྔོ་ཚལ་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འབྲུ་རིགས་དང་སྔོ་ཚལ་གྱི་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཏེ“ཞིང་གསུམ”གྱི་ཀ་རྟེན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།

ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

བློ་གྲོས་འཇམ་དཔལ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཆ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་ཁྱིམ་དུ་ས་ཞིང་མུའུ་20ཡོད། “དེ་སྔ་ང་ཚོའི་ཁྱིམ་གྱི་ཞིང་ཁ་ཁག་གཅིག་ལ་རྡོ་ཧྲུག་མང་བ་དང་། ཞིང་ས་སྲབ་པ། ལུད་མི་འདང་བ་སོགས་ཀྱི་དབང་གིས་རྨོ་འདེབས་བྱས་པའི་ཞིང་ལས་སྐྱེ་དངོས་ལ་ཐོན་འབབ་ཡག་པོ་དེ་ཙམ་མེད”ཅེས་ཁོང་གིས་བཤད།

ཉེ་བའི་ལོ་ཤས་རིང་། འབྲུ་རིགས་ཀྱི་ཐོན་འབབ་མཐོ་རུ་གཏོང་ཆེད། རང་ལྗོངས་ཀྱིས་རྨོ་ཞིང་སྒྱུར་བཀོད་ཧུར་ཐག་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། ཞིང་ནང་ཆུ་བེད་དང་ཞིང་ནང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། རྨོ་ཞིང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད་འབྲུ་རིགས་བདེ་འཇགས་འགན་ལེན་ཐུབ་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་227.26བསྐྲུན་ཡོད། ཞིང་ཆུ་འདྲེན་ཁྱོན་2015ལོའི་མུའུ་ཁྲི་265.41ནས་2019ལོའི་མུའུ་ཁྲི་283.91བར་མང་དུ་ཕྱིན་ནས་འཕར་ཚད་7%ཟིན་ཡོད། ལོ་རེར་སྐྱེ་ལྡན་ལུད་སྤྱོད་ཚད་ཏུན་ཁྲི་10ཡན་ཟིན་པ་དང་། ཁྱིམ་ལུད་སྤྱོད་ཚད་ཏུན་ཁྲི་500ཙམ་ཟིན་ནས་རྨོ་ཞིང་གི་ས་བཅུད་ལེགས་སུ་ཕྱིན་པ་དང་། ཞིང་ཁུལ་ཁག་གཅིག་གི“གནམ་ཆུ་ཁོ་ནར་བརྟེན་པའི”གནས་ཚུལ་ཐག་གཅོད་ནུས་ལྡན་ཐུབ་ཡོད།

ཉེ་ཆར། བློ་གྲོས་འཇམ་དཔལ་གྱིས་རང་ཁྱིམ་དང་མི་རིང་བའི་བཙས་མ་བརྔས་ཟིན་པའི་ཞིང་ཁར་བལྟ་བཞིན“ད་ཆ་ས་རྒྱུ་གཤིན་ལ་ཞིང་ཆུ་འདྲེན་བདེ་བས་ལོ་ཏོག་ཡག་པོ་སྐྱེ་མི་ཐུབ་པའི་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བཤད།

སོན་བཟང་མཁོ་སྤྲོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

མི་རིང་བའི་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་པེ་ཏ་ཧོང་ཚོགས་པ་དང་། ཧྲོའུ་ནུང་ཚོགས་པ། ཀོང་མིང་ཚོགས་པ་སོགས་ཁེ་ལས་10ཡིས་རང་ལྗོངས་ཀྱི་ས་གནས་དང་རྫོང་5ཡི་སྲིད་གཞུང་དང་ཁེ་ལས་དང་མཉམ་ལས་གྲོས་མཐུན་བཞག་ནས་ཐུན་མོང་ཐོག་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

དེའི་ནང་པེ་ཏ་ཧོང་ཚོགས་པ་ཀུང་སི་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས《ནས་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་རྣམ་གྲངས་ཀྱི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་དེ་ནས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། ཚད་ལྡན་ཅན་གྱི་འདེབས་འཛུགས་དང་དོ་དམ། ལྗང་མདོག་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས། གྲངས་འཛིན་ཞིང་ལས་འཕེལ་རྒྱས། སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ཕྱོགས་ལྔའི་ནང་དོན་ལ་དམིགས་ནས་ཚོགས་པའི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། བོད་ཀྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ཞིང་ལས་སྐྱེ་དངོས་སྣ་ཁའི་ས་ཁོངས་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། ལྗོངས་ཡོངས་ཀྱི་ཞིང་ལས་སྐྱེ་ཁམས་རིགས་གཙོ་བོར་ཁྱབ་ནས་ཞིང་ལས་སྐྱེ་དངོས་སྣ་ཁའི་ས་ཁོངས་ཚོད་ལྟའི་མ་ལག་ཅུང་འཐུས་ཚང་ཞིག་ཆཌཡོད།

ད་ཆ་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཞིང་ལས་སྐྱེ་དངོས་གཙོ་བོའི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་1183ཟིན་པའི་ནང་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་938.47ཟིན་པ་དང་ནས་ཀྱི་སོན་བཟང་ཁྱབ་ཚད་90%ཡན་ཟིན་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་མཐོ་རུ་དང་ནས་ཀྱི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཏེ་ཞིང་འབྲོག་པར་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་བའི་འགན་ལེན་བྱས་པ་རེད།

ནས་ཀྱི་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། ནས་དེ་ཞིང་འབྲོག་ཐོན་ལས་ཀྱི་གྲས་ཤིག་ཏུ་བརྩིས་ནས་ནས་ཀྱི་སྤུས་རྟགས་གཏོད་པ་དང་ཐོན་རྫས་ཞིབ་སྤེལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

2020ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ཞིང་ལས་དང་གྲོང་གསེབ་པུས་བདེན་དཔང་ར་སྤྲོད་བྱས་པའི་ནས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་དང་ལྗང་མདོག་བཟའ་བཅའ་8ཡོད་པ་དང་། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ནས་ཀྱི་ལས་སྣོན་ཞིབ་ཚགས་ཐོན་རྫས་རིགས་ཆེ་གྲས་4དང་སྣེ་ཁ་80ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་ཡོད། ལྗོངས་ཡོངས་སུ་ནས་ལས་སྣོན་བྱེད་མཁན་ཁེ་ལས་52ཡོད་པ་དང་། ལོར་ནས་ལས་སྣོན་གཞན་སྒྱུར་བྱེད་ཚད་ཏུན་ཁྲི་14.21དང་། ལས་སྣོན་གཞན་སྒྱུར་བྱེད་ཚད་17% ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་14ལྷག་ཙམ་ཟིན་ནས་རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་ཚོང་རྟགས་འབོར་ཆེན་ཞིག་བཏོད་ཡོད།

2018ལོར་གཞིས་རྩེ་གྲོང་ཁྱེར་དེ་ཞིང་ལས་དང་གྲོང་གསེབ་པུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ཟོག་གི་ནས་ཐོན་ཁུལ་གྱི་ལེགས་ཆའི་ཁུལ་ཁག་དང་པོར་གཏན་འཁེལ་བྱས་པ་དང་། པ་སྣམ་རྫོང་གིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཐོག་མ་བཙུགས་ཏེ་ནས་ཀྱི་ཐོན་ལས་ལ་དམིགས་ནས“ཐོན་སྐྱེད+ཚན་རྩལ+ཚོང་གཉེར”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

ད་ཆ་ས་མཐོའི་ས་གཞི་ཆེ་མོར་ནས་ཀྱི་སྲོལ་རྒྱུན་སྤྱོད་སྟངས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ཏེ་རྣམ་པ་མི་འདྲ་བ་དང་ཐོན་རྫས་མི་འདྲ་བའི་ཐོག་ནས་རྒྱལ་ཡོངས་ས་གནས་ཁག་གི་གསོལ་ལྕོག་དང་སྒོ་རྩིས་ཚོང་ཁང་དུ་བཏོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བཞིན་པའི་ནས་དང་འབྲེལ་བ་ཡོད་པའི་ཐོན་རྫས་དག་བོད་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་སྤུས་རྟགས་ལེགས་གྲས་སུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།