བོད་ལྗོངས་ཀྱིས་ཁྲུང་ཁྲུང་སྐེ་ནག་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཁྲུང་ཁྲུང་སྐེ་ནག་འཚོ་གནས་ཁུལ་གྱི་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ནས། ལོ་ལྟར་ཁྲུང་ཁྲུང་སྐེ་ནག་ཁྱུ་བསྒྲིགས་ནས་རང་ལྗོངས་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་རོང་ཁུལ་དུ་དགུན་སྒྲོལ་ལ་ཡོང་གི་ཡོད། ལྗོངས་ཡོངས་ཀྱི་སྐམ་སར་འཚོ་གནས་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་ཞིབ་གྲངས་གཞི་ཐེངས་གཉིས་པ་ལས་མངོན་གསལ། མིག་སྔར་རང་ལྗོངས་སུ་འཚོ་གནས་བྱེད་པའི་ཁྲུང་ཁྲུང་སྐེ་ནག་10646ཡོད།

རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་འདམ་རའི་ཐོན་ཁུངས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཅ་ཕིང་གིས་ངོ་སྤྲོད་བྱས་དོན། ཁྲུང་ཁྲུང་སྐེ་ནག་རང་ལྗོངས་སུ་ཁྱབ་རྒྱ་ཆེ་ཞིང་། ལུང་པའི་བསྡོམས་རྩིས་ལྟར་ན། རང་ལྗོངས་ཀྱི་ལུང་པ་18ཚང་མར་ཁྱབ་པ་དང་། སྲིད་འཛིན་ཁུལ་དབྱེ་བཞིན་བསྡོམས་རྩིས་བྱས་ན། གྲོང་ཁྱེར(ས་ཁུལ)བདུན་ཚང་མར་ཁྱབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོར་མ་གཏོགས་མེད་པའི་ཁྲུང་ཁྲུང་སྐེ་ནག་གི་རིགས་ལ་སྲུང་སྐྱོང་བྱ་ཆེད། རང་ལྗོངས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ས་ཆ་མང་པོར་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་བཙུགས་ནས། ཁྲུང་ཁྲུང་སྐེ་ནག་གི་མིང་བཏགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་ཡོད་པ་ནི། ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་ཤུར་གྱི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། གསེར་གླིང་མཚོའི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།