བར་ག གངས་རིན་པོ་ཆེའི་འདབས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།

e190ad89-09df-4872-be36-fac97d1b5977.jpg

ཟླ་6ཚེས་22ཉིན། སྔོན་སྐྱོད་ལེན་ཤོག་གི་ཡན་ལག་རུ་ཁག་སྤུ་ཧྲེང་ས་ཁོངས་ཀྱི་བར་ག་མཚོ་འགྲམ་དུ་འབྱོར་ཞིང་། དེ་གར་ས་བབ་དམའ་བ་དང་རྩྭ་ཆུ་བཟང་བས་ཕེང་ཆིང་ཡུན་གྱིས་མཚོ་འགྲམ་དུ་སྒར་བཏབ་ནས་ཨན་ཀྲི་མིང་གི་རྗེས་མཐུད་དཔུང་སྡེ་བསྒུགས་ནས་སྡོད་རྒྱུའི་ཐག་བཅད།

ངལ་གསོ་བརྒྱབ་ནས་སྡོད་རིང་ཡན་ལག་རུ་ཁག་གི་ཝང་ཡུང་ཕིང་སོགས་བློ་མཐུན་བཞི་ཚེ་ལས་འདས་པ་ཚང་མའི་བསམ་ཡུལ་ལས་འདས།

ཟླ་6ཚེས་24ཉིན་གྱི་ཕྱི་དྲོ། ཨན་ཀྲི་མིང་གི་རྗེས་མཐུད་དཔུང་སྡེ་བར་ག་མཚོ་འགྲམ་དུ་འབྱོར་བ་དང་། རྔ་མོང་ལ་ཕུང་པོ་4བཀལ་ཡོད། ལ་གཅིག་བརྒལ་བས་བློ་མཐུན་9ཚེ་ལས་འདས། ངོ་མདོག་མི་འགྱུར་ལ་ཁ་ཡང་མི་གྲགས་པའི་ལ་མོ་ཡིས་སྔ་ས་ནས་གྲ་སྒྲིག་བྱས་པ་དང་གཉིས་སུ་མ་མཆིས།

—— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

འགྱུར་མེད་མཚོ་ནི་གྱ་གྱུའི་ངང་བགྲོད་པའི་སྦྲུལ་རིང་པོ་ཞིག་དང་མཚུངས་ཤིང་། མཚོ་ངོས་མེ་ལོང་དང་འདྲ་བར་གསལ་ཐིང་ངེར་མངོན་པ་དང་། མཚོ་འགྲམ་དུ་རྩྭ་དང་མེ་ཏོག་རབ་ཏུ་བཞད། མཚོ་མོའི་གཞོགས་གཅིག་ནས་གངས་ཏི་སིའི་རི་རྒྱུད་ཀྱི་རི་བོ་གཙོ་བོ་སྟེ། གངས་རིན་པོ་ཆེའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་མཐོང་རྒྱུ་ཡོད།

《ཧི་མ་ལ་ཡའི་མཛད་རྗེས་རྡོ་རིང》ཞེས་པའི་དེབ་ནང་འཁོད་པ་དང“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། འགྱུར་མེད་མཚོ་ནི་ཕལ་ཆེར་སྐབས་དེ་དུས་སྔོན་སྐྱོད་ལེན་ཤོག་གི་ཡན་ལག་རུ་ཁག་ངལ་གསོ་རྒྱག་སའི“བར་ག་མཚོ”རེད། སྔོན་སྐྱོད་ལེན་ཤོག་གི་ཡན་ལག་རུ་ཁག་གིས་གངས་རིན་པོ་ཆེའི་ཉེ་འགྲམ་གྱི་ཏུང་ཅུན་ལའི་ཏ་པན་བརྒལ་སྐབས་འཐབ་འཛིང་པ་9ཚེ་ལས་འདས།

ས་གནས་དེ་གའི་འབྲོག་པ་ཚེ་རིང་དར་རྒྱས་ཀྱིས། ཆུང་དུས་རྒན་རབས་ཚོས་སྔོན་སྐྱོད་ལེན་ཤོག་དང་རྗེས་མཐུད་དཔུང་སྡེ་འགྱུར་མེད་མཚོའི་ཉེ་འགྲམ་ནས་བསྐྱོད་པའི་གཏམ་རྒྱུད་རྟག་ཏུ་ཤོད་ཀྱི་ཡོད། ཆུང་དུས་ཕ་མ་དང་མཉམ་དུ་ཕྱུགས་འཚོ་སྐབས་ངས་འགྱུར་མེད་མཚོའི་ཉེ་འགྲམ་ནས་རྔ་མོང་གི་རུས་པའང་མཐོང་མྱོང་ཡོད་ཅེས་ང་ཚོར་བཤད་བྱུང་།

ད་ཆ་སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་ཕལ་ཆེར་རྙེད་རྒྱུ་མེད། འོན་ཀྱང་སྒེར་རྩེ་ནས་ཡོང་བའི་མང་ཚོགས་ཕལ་མོ་ཆེ་ས་ཆ་འདི་བརྒྱུད་ནས་འགྲོ་དགོས་པ་དང་། ཁོང་ཚོ་གང་དུ་འགྲོ་མཁན་ཡིན་ནམ་ཞེས་འདྲི་སྐབས། “ང་ཚོ་བར་གར་འགྲོ་མཁན་ཡིན”ཞེས་མགྲིན་གཅིག་ཏུ་བརྗོད་ཀྱི་འདུག

སྤུ་ཧྲེང་རྫོང་བར་ག་ཤང་ནི་གངས་རིན་པོ་ཆེའི་འདབས་སུ་གནས་ཤིང་། ལོ་ལྟར་དབྱར་དུས་སུ་བར་གར་ཡུལ་སྐོར་དུ་ཡོང་མཁན་རྒྱུན་ཆད་རྒྱུ་མེད་པས་ཤང་གི་མགྲོན་ཁང་དུ་ཉལ་ཁྲི་སྟོང་པ་གཅིག་ཀྱང་ལྷག་གི་མེད།

དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་། བར་ག་ཤང་གི་མང་ཚོགས་ཚོས་གངས་རིན་པོ་ཆེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རང་ཁྱིམ་གྱི་ཁལ་མ་དང་རྟ་ལ་བརྟེན་ནས་ཡུལ་སྐོར་བར་སྐྱེལ་འདྲེན་གི་ཞབས་འདེགས་ཞུས་ཏེ་ཡུལ་སྐོར་གྱི་ཡོང་འབབ་གསོག་གང་ཐུབ་བྱེད་ཀྱི་ཡོད། ཕྱིས་སུ་ཤང་དུ་ཁལ་མའི་སྐྱེལ་འདྲེན་རུ་ཁག་སོགས་མཉམ་སྡེབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་པས་ལོར་ཡོང་འབབ་སྒོར་ཁྲི་སྟོང་ཡན་ཟིན་ནས་མང་ཚོགས་མི་ཉུང་བ་ཞིག་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

ཉེ་བའི་ལོ་ཤས་རིང་། མང་ཚོགས་ཁག་གཅིག་གི་སྡོད་ཁང་དང་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། སྤུ་ཧྲེང་རྫོང་དང་བར་ག་ཤང་གིས་རིམ་རྩིས་བྱས་ན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་27གྱི་མང་ཚོགས་103བཀོད་སྒྲིག་བྱས་ཏེ་བར་ག་ཤང་སྲིད་གཞུང་ཉེ་འགྲམ་གྱི་དར་ཆེན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད།

དེང་རབས་ཅན་གྱི་ཁུལ་ཆུང་དེར་བོད་བཟོའི་སྡོད་ཁང་སེར་པོ་གྲལ་སྟར་འགྲིག་ལ། རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་བཀྲག་མདངས་འཚེར་བ་དང་། ཁུལ་ཆུང་མཐའ་འཁོར་དུ་སློབ་གྲྭ་དང་། སྨན་ཁང་། ཞིང་ཟོག་ཁྲོམ་ར་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛོམས་པ། དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ཕྲུ་གུ་ཚོ་སྲང་ལམ་དུ་རྩེད་འཇོར་རོལ་བ་དང་རྒན་རྒོན་ཚོ་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད།

བསོད་ནམས་ཚེ་རིང་སྤུ་ཧྲེང་རྫོང་བར་ག་ཤང་གཞུང་པ་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་ཡིན་ཞིང་། སྔོན་ཆད་རྩྭ་ཡག་སར་ཕྱུགས་རིགས་འཚོ་བ་དང་ཆུ་བཟང་སར་གནས་སྡོད་བྱེད་པའི་སྐྱས་སྤོས་འཚོ་བ་སྐྱེལ་དགོས་ཤིང་ནང་མི་མང་ལ་ཕྱུགས་རིགས་ཉུང་བས་འཚོ་བ་ཤིན་ཏུ་སྐྱོ། དར་ཆེན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་ནང་མི་ཚང་མ་ཁང་པ་ཡག་པོའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། དེ་བས་ལེགས་པའི་སློབ་གསོ་དང་སྨན་བཅོས་ཆ་རྐྱེན་ལོངས་སུ་སྤྱོད་རྒྱུ་བྱུང་ལ། ཡོང་འབབ་ཀྱང་ཐད་ཀར་འཕར་ཡོད།

བསོད་ནམས་ཚེ་རིང་གི་བུ་མོ་བསྟན་འཛིན་དབང་མོས་ས་གནས་དེ་གའི་སྲིད་གཞུང་གིས་སྤེལ་བའི་མ་བྱན་གྱི་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་བརྒྱུད་མ་བྱན་གྱི་ལག་རྩལ་སྦྱངས་ནས་2020ལོར་ཤང་དུ་ཟ་ཁང་ཞིག་བཙུགས། “མ་གཞི་ཟ་ཁང་བཙུགས་ནས་ཟླ་བ་གཉིས་ཙམ་ལས་ཕྱིན་མེད་ཀྱང་། ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་བས་ཁྱིམ་གྱི་ཁུར་པོ་ཡང་དུ་ཕྱིན་སོང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་ཀྱིས་མ་བྱན་གྱི་ལག་རྩལ་དེ་བས་བྱང་ཆུབ་ཏུ་བཏང་ནས་ནང་མི་ཚོར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན”ཞེས་བསྟན་འཛིན་དབང་མོས་དགའ་ཚོར་ཆེན་པོས་བཤད།

བར་ག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚེ་རིང་བག་གྲོས། བར་ག་ཤང་གིས་ས་ཁོངས་ཀྱི་ལེགས་ཆ་དང་ཡུལ་སྐོར་ཐོན་ཁུངས་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གནས་སྤོས་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ནས། ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་བྱས་རྗེས་གླེང་བ་བརྒྱུད་གནས་སྤོས་མང་ཚོགས་ཀྱི་འདུ་ཤེས་བསྒྱུར་བ་དང་བསམ་བློར་བཅིངས་འགྲོལ་གཏོང་རྒྱུར་ཁྲིད་སྟོན་བྱས་པས་ཚང་མའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད།

ཚེ་རིང་སྙན་གྲགས་ནི་བར་ག་ཤང་གི་ཕྱུག་འགྱུར་དཔེ་མཚོན་ཞིག་རེད། ཁོང་དེ་སྔ་ལོ་ན་མཐོ་བའི་ཕ་མ་དང་མཉམ་དུ་གུར་ཆུང་ཆུང་ཞིག་ནང་སྡོད་དགོས་པ་དང་ཕ་མར་ཡོང་འབབ་བརྟན་པོ་མེད་པས། ལོ་ལྟར་གྱི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་ནི་ནང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་རེད།

2017ལོར་ཚེ་རིང་སྙན་གྲགས་ཀྱི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་ཁ་ཕྱོགས་འགྱུར་མཚམས་ཤིག་རེད། ལོ་དེའི་དབྱར་གསེང་རིང་ཁོང་ཚོ་དར་ཆེན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ནས་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་ཡོད།

སློབ་ཆེན་ཐོན་རྗེས་ཚེ་རིང་སྙན་གྲགས་ཀྱིས་ཁྱིམ་གྱི་སྒོ་རྩར་ཇ་ཁང་ཞིག་བཙུགས་པར་ཤང་གི་སྲིད་ཇུས་ཁ་གསབ་སྣ་ཚོགས་རག་ཡོད། ད་ཆ་གྲོང་ཚོའི་དོ་དམ་པའི་འགན་འཁུར་བ་བྱས་པའི་ལོ་རེའི་གཏན་འཇགས་གླ་ཆ་སྒོར་6000ཡོད་པ་ཕུད། ཇ་ཁང་གི་ཡོང་འབབ་བསྡོམས་ན་ཚེ་རིང་སྙན་གྲགས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ནས་ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

“སློབ་གྲྭ་ཐོན་ནས་ཡུན་རིང་མ་སོང་བའི་སློབ་ཆེན་སློབ་མ་ཞིག་གི་ངོས་ནས། ངས‘སྒུག་རྟེན་སློང་གསུམ’གྱི་བསམ་བློ་མ་འཁྱེར་བར་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ནང་མི་དང་གྲོང་མི་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་ནས་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཚེ་རིང་སྙན་གྲགས་ཀྱིས་གདེང་ཚོད་ཆེན་པོས་བཤད།

2020ལོར་བར་ག་ཤང་ཡོངས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ཡོད།

གངས་རིན་པོ་ཆེས་ལོ་ངོ་70ཡི་གོང་གི་སྔོན་སྐྱོད་ཡན་ལག་རུ་ཁག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་དཔང་པོ་བྱས་པ་མ་ཟད། ལོ་ངོ་70ཡི་རྗེས་ཀྱི་བར་ག་ཤང་གི་མང་ཚོགས་ཀྱི་དབུལ་སྒྲོལ་ལོ་རྒྱུས་ཀྱི་དཔང་པོའང་བྱས་ཡོད། གངས་རིན་པོ་ཆེའི་འདབས་སུ་གནས་པའི་མི་རྣམས་ཀྱིས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།