འབབ་འཕར་ཐབས་ལམ་ཡངས་། མང་ཚོགས་དགའ་བས་མྱོས།

འབབ་འཕར་ཐབས་ལམ་ཡངས་། མང་ཚོགས་དགའ་བས་མྱོས།

—— གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

“ཕྱིར་གླ་པ་རྒྱུག་ན་ཡོང་འབབ་མང་བ་མ་ཟད་ད་དུང་ལག་རྩལ་གསར་པ་ཡང་ཤེས་ཀྱི་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་མང་ཚོགས་དབང་རྒྱལ་གྱིས་བཤད།

གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་གྱི་སྒྲིག་འཛུགས་འོག དབང་རྒྱལ་གྱིས་ལོ་མང་གླ་པ་བྱས་པའི་ཉམས་མྱོང་ལ་བརྟེན་ནས་མི་ཚེའི“ཡོང་འབབ་དང་པོ”བསགས་པ་མ་ཟད། ད་དུང་ཆུམ་ཤང་སྨོན་འགོ་ཕུ་གྲོང་ཚོའི་ཤུན་དབང་ངལ་ནུས་མཉམ་ལས་ཁང་ཡང་བཙུགས་ནས། མང་ཚོགས་40ལྷག་ཙམ་གྱི་སྣེ་ཁྲིད་དེ་ངལ་ནུས་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་བ་རེད།

འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་དེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ་གནས་བབ་མཐོ་ས་ནས་ཇུས་འགོད་དང་། སྔ་ཙམ་བཀོད་སྒྲིག སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཁར་རིམ་ཁག་སྡེ་ཚན་གྱིས་ཕྱར་བ་གྲུ་འདེགས་དང་དོན་འཁྱོལ་ནན་པོ་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་ཡོད།

ཟླ་བདུན་པའི་ཟླ་མཇུག་བར། གཞིས་རྩེའི་ཞིང་འབྲོག་པ་ཁྲི་20.26ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་17.96བྱུང་སྟེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ཐོག་ཚད་གཞི་མཐོ་བའི་སྐུལ་འདེད་དང་སྤུས་ཚད་ལེགས་པའི་དོན་འཁྱོལ་བྱས་ནས། ལས་དོན་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད། 《གཞིས་རྩེ་གྲོང་ཁྱེར་གྱི་2021ལོའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་གཙོ་གནད》བཀྲམ་པའི་ནང་། ཚོགས་ཆུང་བཞིར་བགོས་ནས་རྫོང་དང་ཆུས་18དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱེད་པར་བསྐྱོད་དེ། ལས་གནས་གསར་སྤེལ་དང་། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་འཁོད་ཡོད།

ལག་ལེན་དངོས་ཀྱི་འཚོལ་ཞིབ་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱིས་མངའ་རིས་ས་ཁུལ་དང་། ལྷ་ས་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་གྱི་ཧུའེ་ཀྲོའུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་གྱི་དབྱང་ཀྲོའུ་གྲོང་ཁྱེར་དང་ཝུའུ་ཤིས་གྲོང་ཁྱེར་བཅས་སུ་ཞིང་པ་ལས་མིའི་ལས་དོན་ཞབས་ཞུའི་འབྲེལ་གཏུག་ས་ཚུགས་བཙུགས་པས་ཞིང་པ་ལས་མི་ཕྱིར་སྐྱོད་གསལ་ཐོ་དང་། ཁེ་ལས་ཀྱི་མི་སྤྱོད་དགོས་མཁོའི་གསལ་ཐོ། གྲོང་གསེབ་ཀྱི་ངལ་ནུས་མཁོ་འདོན་གསལ་ཐོ་བཅས་ཀྱི“གསལ་ཐོ་གསུམ”དང“ཕྱོགས་དྲུག་གཞི་གཅིག”གི་ངལ་ནུས་ཕྱིར་གཏོང་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྐུལ་སློང་དང་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་ཁྲིད་སྟོན་རང་བཞིན་གྱི་གསོ་སྦྱོང་གཅིག་སྡུད་ཐོག་གཉེར་བ། “དྲ་ཐོག་དང་དྲ་ཕྱི”སོགས་ལ་བརྟེན་ནས་ལས་བསྡུའི་འདུ་ཚོགས་སྐབས་19གཉེར་བ། ངལ་ནུས་དང་ཁེ་ལས་ཕྱོགས་གཉིས་ཀྱི་སྦྲེལ་མཐུད་ཟམ་པ་འཛུགས་པ་བཅས་བྱས་ནས། རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ཟླ་བདུན་པའི་ཟླ་མཇུག་བར། མི་ཁྲི་12.2རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ཐུབ་པ་དེས་ལས་ཞུགས་གཞན་སྒྱུར་བསྡོམས་འབོར་གྱི་60.2%བཟུང་ཡོད་པ་རེད།

འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ཁྱད་ལྡན་ངལ་ནུས་སྤུས་རྟགས་སྔོག་འདོན་བྱས་ནས“ཇོ་མོ་གླང་མ་ངལ་ནུས”དང“པད་སྣམ་ལྗང་མདོག་བཟོ་བོ”སོགས་ཀྱི་ངལ་ནུས་སྤུས་རྟགས་20དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་21གྲུབ་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།