ཡན་ཅིན་ཧའེ་ལགས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལས་ཚབ་ཀྲུའུ་ཞིར་བསྐོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུར་མགོ་འཛིན་མཛད། 

ཚོགས་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་། ལྗོངས་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་གནང་བའི་མི་དོན་དོན་གནད་སྐོར་གྱི་གསལ་བཤད་ལ་གསན་ཞིང་། ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་ཞུས་པའི་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱ་རྒྱུ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞིར་བསྐོ་བཞག་བྱ་རྒྱུར་གཏན་འབེབས་བྱས་པར་མ་ཟད། ཡན་ཅིན་ཧའེ་ལ་བསྐོ་གཞག་ཡི་གེ་བསྩལ།

ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་ཁོངས་མིར་མཇལ་འཕྲད་གནང་བ་དང་སྦྲགས། རྣམ་འགྱུར་མཚོན་པའི་གསུང་བཤད་གནང་། ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག ང་རང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞིར་བསྐོ་གཞག་བྱས། གཏན་འབེབས་འདིར་རྩ་འཛུགས་ཀྱི་ཡིད་ཆེས་དང་མངག་བཅོལ་ཟབ་མོ་གཅིག་བསྡུས་བྱས་ཡོད་པར་མ་ཟད། མི་རིགས་ཁག་གི་མི་དམངས་ཁྲི་ཚོ360ཡི་ཡིད་ཆེས་དང་རེ་སྒུག་ཀྱང་འདུས་ཡོད་པས། རང་ཉིད་ལ་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པའི་ཚོར་སྣང་ཟབ་མོ་བྱུང་། ངས་ལྗོངས་ཏང་ཨུ་ཡི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་། ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་དང་སྲིད་གྲོས་ཀྱི་ལྟ་སྐུལ་ནུས་ལྡན་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག སྲིད་གཞུང་གི་ཚན་ཁག་གཅིག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་སེམས་ཤུགས་ཡོད་རྒུ་འདོན་པ་དང་ལས་ཀར་ཧུར་ཐག་བྱེད་པ། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་དམ་འཛིན་ལྷོད་མེད་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་འབུལ་རྒྱུ་ཡིན་ཞེས་གསུངས།

ཚོགས་འདུ་མཇུག་བསྒྲིལ་རྗེས། ཡན་ཅིན་ཧའེ་ཡིས་རྩ་ཁྲིམས་ཀྱི་མདུན་དུ་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག

རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེན་ཁྲང་། ཞུས་ཁྲེང་ཚང་། ཐང་མིང་དབྱིན། དྲུང་ཡིག་ཆེན་མོ་ལིའུ་ཀོང་ཞུའུ་བཅས་ཚོགས་འདུར་ཞུགས། 

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར། རང་སྐྱོང་ལྗོངས་ལྟ་རྟོག་ཨུ་ཡོན་ལྷན་ཁང་དང་མི་དམངས་ཉེན་རྟོག་ཁང་གི་འབྲེལ་ཡོད་འགན་ཁུར་པ། རང་སྐྱོང་ལྗོངས་དམངས་ཆེན་ལས་ཁུངས་ཀྱི་ཐིང་རིམ་པའི་ལས་བྱེད་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་གི་འགན་ཁུར་པ་སོགས་ཚོགས་འདུར་ཟུར་ཞུགས་གནང་།

བློ་མཐུན་ཡན་ཅིན་ཧའེ་ཡི་ལོ་རྒྱུས་མདོར་བསྡུས།

ཡན་ཅིན་ཧའེ། ཕོ། བོད་རིགས། 1962ལོའི་ཟླ3པར་སྐྱེས། སློབ་ཆེན་གྱི་བསླབ་གནས། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ལྷ་ས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད། དེ་སྔ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲུང་ཆེ་གཞོན་པ་དང་རྒྱུན་ཨུ། དྲུང་ཆེ་བཅས་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཁུལ་གཙོ། ཁུལ་གཙོ། ཧྲུའུ་ཅི། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྲིན་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།