ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་དང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་སུ་བརྟག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་བ།

ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་དང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་ཀྱི་སྙན་སེང་གསན་སྐབས།

ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ།

1149206_yis_1633536000000_s.jpg

ཟླ་10ཚེས་3ཉིན་དང་ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དང་དཔལ་འབར་རྫོང་དུ་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་པོའི་འཕེལ་རྒྱས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་བཅས་ལ་བརྟག་ཞིབ་གནང་བར་ཕེབས་ཤིང། འདི་ནི་ཝུའུ་དབྱིང་ཅེས་དཔལ་འབར་རྫོང་དུ་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱི་ལས་དོན་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

 ཟླ་10ཚེས་3ཉིན་དང་ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དང་དཔལ་འབར་རྫོང་དུ་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་བཅས་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་པ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེ་རླངས་འཁོར་ལ་བཞུགས་ཏེ་ལ་ཀླུང་མང་པོ་བརྒལ་ནས་དཔལ་འབར་རྫོང་སྤྱི་གླིང་ཤང་དང་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་སོགས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དུ་ཕེབས་ནས་དམངས་ཀྱི་བདེ་སྡུག་རྟོག་ཞིབ་དང་། དམངས་ཀྱི་འདོད་བློ་འདྲི་རྟོག དམངས་སེམས་གཅིག་སྒྲིལ་བཅས་གནང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་སྔར་སོང་ལ་ཕྱིར་དྲན་གྱིས་འཕེལ་རྒྱས་དོན་གཉེར་དང་། འཕོ་འགྱུར་སྐོར་གླེང་བ། ཏང་གི་བཀའ་དྲིན་ལ་བསྔགས་བརྗོད་བཅས་གནང་བ་རེད། ཆབ་མདོ་གྲོང་ཁྱེར་དང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་གནང་སྐབས་ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་དང་རྫོང་གཉིས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས་སོགས་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དུས་ཡུན་རིང་པོར་གཞི་རིམ་བརྟན་སྲུང་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། དུས་རབས་གསར་པར་སླེབས་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར། དང་ཐོག་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས།

གཅིག་ནས་བརྟན་ལྷིང་སྲུང་སྐྱོང་ཐད་ཤུགས་རྒྱག་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་ཁག་ཕྱོགས་སྡོམ་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་རྣམ་པར་སྲུང་སྐྱོང་ཡག་པོ་བྱེད་དགོས།

གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་དགོས་ཤིང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱིས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་དང་དེར་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”གི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་ལས་དོན་སྒྲུབ་ཐབས་སུ་བརྩི་བ། འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ། དངོས་ཐོག་བདེན་འཚོལ་གྱིས་དགོས་མཁོ་འདོན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས། སྤོ་སྒྱུར་གཏོང་སྤྲོད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས་ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་སྐྱིད་སྣང་དུ་འགྱུར་བ་བྱེད་དགོས།

གསུམ་ནས་དམངས་འཚོ་ལེགས་གཏོང་དང་ལྷག་པར་དུ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། ལས་དོན་ཚང་མ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པར་གཅིག་སྡུད་བྱེད་པ། སྲིད་ཇུས་ཚང་མ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པར་ཕྱོགས་པ། སེམས་ནུས་ཚང་མ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པར་འདོན་པ་བཅས་བྱེད་དགོས། མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེ་དང་ལས་འགན་ཨང་དང་པོར་བརྩིས་ནས་མང་ཚོགས་ཀྱི་ཡོང་འབབ་གནས་བབ་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱེད་པ་དང་། ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ངལ་ནུས་ཕྱིར་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་ཐབས་མང་མཉམ་སྤྱོད་དང་ཞན་ཆ་གསབ་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་པོ་མེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

བཞི་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཐད་ཤུགས་རྒྱག་དགོས་ཤིང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་སྲུང་བ་བཅས་བྱས་ནས་འཛམ་གླིང་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ལྔ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ཤུགས་རྒྱག་དགོས་ཤིང་། རང་ལྗོངས་ཀྱི་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས། མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཇི་ཙམ་གཤིབ་པ་དེ་ཙམ་གྱིས་འཆམ་དུ་འགྲོ་བ་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན་པ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་གྲུབ་དགོས།

དྲུག་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཐད་ཤུགས་རྒྱག་དགོས་ཤིང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁ་གསལ་བཏོན་གནང་བའི“ཚད་གཞི་བཞི”དང“ཕན་འདོགས་པ་ལྔའི”བླང་བྱ་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་ཕྱོགས་ཡོངས་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ་དང་། རྒྱུན་སྲིང་ལྷོད་མེད་ངང་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས།

བདུན་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཐད་ཤུགས་རྒྱག་དགོས་ཤིང་། “ལྟོ་གོས”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག“བསམ་བློའི”གནད་དོན་ཐག་གཅོད་དེ་བས་ཡག་པོ་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་རྩ་བ་བརྟན་པོ་ཚུགས་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས།

བརྒྱད་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་དགོས་ཤིང་། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཐད་བརྩེ་བ་འཆང་བ་དང་ཤུགས་རྒྱག་པ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་སྙིང་སྟོབས་དང་ཁྲག་རྒྱུན་རྒྱུན་འཛིན་ཐད་བརྩེ་བ་འཆང་བ་དང་ཤུགས་རྒྱག་པ། རྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བའི་ཐད་བརྩེ་བ་འཆང་བ་དང་ཤུགས་རྒྱག་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།