བོད་ལྗོངས་གཙུག་ལག་ཁང་གིས་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་རྒྱུ་རེད།

src=http___youimg1.c-ctrip.com_target_10080x000000lem2lE155.jpg&refer=http___youimg1.c-ctrip.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་གསར་འགོད་པས་བོད་ལྗོངས་གཙུག་ལག་ཁང་དོ་དམ་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འགྲེམས་སྟོན་གྱི་ལས་དོན་རགས་ཙམ་ལེགས་གྲུབ་བྱུང་ཡོད།

ར་ས་འཕྲུལ་སྣང་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལྷག་པས་ངོ་སྤྲོད་ལྟར་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་ཁང་གསུམ་བཙུགས་ཡོད་ཅིང་། སོ་སོར་གཙུག་ལག་ཁང་གི་རིག་དངོས་རྩ་ཆེན་དང་། གདན་ས་མཐིལ་གྱི་ཤུལ་ནོར། དགྲ་བཅོམ་པའི་ལྷ་སྐུལ་བཅས་ཡིན་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ200ལྷག་ཡོད་པ་དང་། བསྒྱུར་བཀོད་མ་དངུལ་སྒོར་ཁྲི400ལྷག་ཟིན་ཡོད།

ལྷག་པས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས6000ལྷག་ཡོད་པ་དང་། རིག་དངོས་མང་ཆེ་བ་མི་རྣམས་ཀྱིས་མཐོང་མྱོང་མེད་པས། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དོ་དམ་ཨུ་ལྷན་གྱིས་ཆེད་དམིགས་རྟེན་རྫས་བཤམས་མཛོད་ཁང་བཙུགས་ནས་རིག་དངོས་དེ་དག་ཀུན་ལ་སྟོན་རྩིས་ཡོད་ཅེས་བཤད།

ན་ནིང་གི་ཟླ10པ་ནས་བཟུང་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་རྫས་བཤམས་མཛོད་ཁང་དེ་འཛུགས་སྐྲུན་གྱི་རྨང་གཞིའི་སྟེང་བསྒྱུར་བཀོད་བྱས་པ་རེད། བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད། གཙུག་ལག་ཁང་ནང་གི་ཀ་བ་སོར་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བར་མཐོངས་ཀྱི་བཀོད་པ་ཇེ་ལེགས་དང་རིམ་སྤོར་བསྒྱུར་བཀོད་བྱས་པ་དང་། རྣམ་པ་མང་པའི་ཆེད་ལས་འགྲེམས་སྒྲོམ་འོས་འཚམ་གྱིས་ཇེ་མང་དུ་བཏང་ནས་ཚད་ཡོད་པའི་བར་མཐོངས་ནང་བེད་སྤྱོད་ཆོག་པའི་འགྲེམས་སྟོན་ལམ་ཐིག་ཇེ་རིང་དུ་གཏོང་གང་ཐུབ་བྱས་ཡོད། དེ་དང་ཆབས་ཅིག་ཏུ་རྟེན་རྫས་བཤམས་མཛོད་ཁང་གསར་པའི་རིག་གཞུང་མཛུབ་ཁྲིད་འོག་ཆེད་ལས་ཀྱི་གློག་འོད་དང་འགྲེམས་སྟོན། བདེ་སྲུང་སོགས་ཀྱི་སྒྲིག་ཆས་ནང་འདྲེན་བྱས་ཡོད།

ལྷག་པས་བཤད་རྒྱུར་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་རྫས་བཤམས་མཛོད་ཁང་དུ་ཐོག་མར་སངས་རྒྱས་སྐུ་བརྙན་དང་ཐང་ག་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་འགྲེམས་སྟོན་བྱ་རྒྱུ་ཡིན་ལ། ད་ལོའི་ལོ་མཇུག་ཏུ་སྒོ་འབྱེད་རྩིས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།