ཁྲུང་ཆིང་དང་ཧུའུ་པེ་ཡིས་ལས་གནས2600ལྷག་མཁོ་འདོན་བྱས་ཏེ་ལས་ཞུགས་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས2021ལོའི་ལས་ཞུགས་བོད་སྐྱོར་ལས་དོན་དེ་ཁྲུང་ཆིང་དང་ཧུའུ་པེ་ཡིས་བོད་ལྗོངས་མཐོ་སློབ་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་གདན་ཞུའི་ཚོགས་འདུ་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རར་བསྡུས།

ལས་ཞུགས་ནི་དམངས་འཚོའི་ལས་དོན་ཆེ་ཤོས་ཡིན་པ་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེ་དཔལ་འབྱོར་འཕེལ་རྒྱས་དང་། མཐའ་མཚམས་བརྟན་ལྷིང་། དམངས་འཚོ་འགན་ལེན། སྤྱི་ཚོགས་འཆམ་མཐུན་བཅས་དང་འབྲེལ་བ་ཡོད། 2021ལོར་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་བསྡོམས་འབོར་རྒྱུན་མཐུད་ངང་འཕར་ཡོད་པ་མ་ཟད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་ལས་ཞུགས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཆེན་པོ་རེད། ཁྲུང་ཆིང་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ལྗོངས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་དོན་དངོས་དང་མཐུན་པའི་ལས་གནས་སྤུས་ལེགས་གསར་སྤེལ་ཧུར་ཐག་བྱས་ཏེ། སྒེར་སེམས་མེད་པའི་ངང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། ཐེངས་འདིའི་གདན་ཞུའི་ཚོགས་འདུར་མི་བཀོལ་སྡེ་ཚན79ཞུགས་ནས་ལས་ཞུགས་ལས་གནས2635མཁོ་འདོན་བྱས་ཡོད་ཅིང་། དེ་དག་དངུལ་རྩའི་ནོར་དོན་དང་རྩིས་གཉེར། དོ་དམ་ཚོང་གཉེར། རྩིས་འཁོར་སོགས་ཆེད་ལས་དང་འབྲེལ་བ་ཡོད། ལས་ཀ་འཚོལ་བར་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ360ལྷག་ཡོད།

རྒྱུས་ལོན་ལྟར་ན། 2012ལོར་ལས་ཞུགས་བོད་སྐྱོར་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ཁྲོམ་རའི་ལས་ཞུགས་ཀྱི་ཐབས་ལམ་གསར་བཏོད་བྱས་པ་མ་ཟད། ལས་ཞུགས་ཀྱི་གནོན་ཤུགས་ཀྱང་ཇེ་ཆུང་དུ་ཕྱིན་པ་དང་། ད་དུང་བོད་ལྗོངས་ཀྱི་མཐར་ཕྱིན་སློབ་མ་ཕྱིར་བསྐྱོད་དེ་མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།