ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཁྱེར་ཞིག་གི་དཔལ་ཡོན་གྱི་ཚད་གཞི་དེ་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་དང་གོ་རིམ་ལྡན་མིན་ལས་མངོན་གྱི་ཡོད། དེར་བརྟེན་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལྷག་བསམ་རྣམ་དག་གི་སྒོ་ནས་འགན་འཁྲི་འཁུར་སེམས་ཆེར་གཏོང་དང་། ཧུར་བརྩོན་ཆེན་པོས་གོང་འཕེལ་དོན་གཉེར། འབད་འབུངས་ཡར་བརྩོན་གྱིས་ཤར་གཏོང་འགན་ལེན། ནུས་ཤུགས་ཡོད་རྒུས་ལས་འཛོལ་སྔོན་འགོག་བཅས་བྱས་པས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་གཙོ་གནད་ལས་དོན་དང་འགྲིམ་འགྲུལ་ཉེན་རྟོག་དཔུང་ཁག་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལས་དོན་ཁག་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

གློག་སྒུལ་སྦག་སྦག་གི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་བཞིན་ཡོད་པ།

ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གྲོང་ཁྱེར་ཡོངས་ཀྱི་གློག་སྒུལ་འཁོར་རིགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གློག་སྒུལ་འཁོར་རིགས་དང་སྦག་སྦག་གི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་སྔོན་འགོག་དང་ཉུང་དུ་ནུས་ལྡན་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཟླ་9ཚེས་1ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གློག་སྒུལ་འཁོར་རིགས་དང་སྦག་སྦག་གི་འགྲིམ་འགྲུལ་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རིང་གཙོ་གནད་ཐོག་གློག་སྒུལ་རྐང་འཁོར་དང་། ཚད་གཞི་ལས་བརྒལ་བའི་གློག་སྒུལ་འཁོར་རིགས(རྒན་རྒོན་གྱི་གློག་སྒུལ་འཁོར་རིགས་དང་སློབ་མ་སྐྱེལ་བསུའི་འཁོར་རིགས་སོགས་ཚུད་པ) འཁོར་གསུམ་དང་འཁོར་བཞིའི་གློག་སྒུལ་འཁོར་རིགས། འཁོར་གཉིས་སྦག་སྦག འཁོར་གསུམ(ཟོག་འདྲེན)སྦག་སྦག གློག་སྒུལ་སྦག་སྦག་སོགས་ལག་ཁྱེར་མེད་པར་གཏོང་བ་དང་། ཆང་རག་བཏུངས་ནས་གཏོང་བ། གློག་སྒུལ་སྦག་སྦག་དང་སྦག་སྦག་སྟེང་མི་ཚད་ལས་བརྒལ་ནས་བསྐྱོན་པ། མྱུར་ཚད་ལས་བརྒལ་ནས་གཏོང་བ། འགྲིམ་འགྲུལ་བརྡ་རྟགས་ཀྱི་གློག་སྒྲོན་ལ་མི་ལྟ་བ། ལམ་གང་བྱུང་དུ་སྐྱོད་པ། ཕར་ཕྱོགས་ཀྱི་ལམ་བཟུང་ནས་སྐྱོད་པ། གང་བྱུང་དུ་ཁ་ལོ་བསྒྱུར་བ། རླངས་འཁོར་ལམ་ལྡོག་ནས་སྐྱོད་པ་བཅས་དང་དེ་བཞིན་རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་གཙོ་གནད་ཐོག་རྡུང་རྡེག་བཏང་ཡོད།

དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གྲོང་ཁྱེར(ཆུས)སྤྱི་བདེ་ཅུས་དང་། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་བཅས་དང་མཉམ་དུ་ཁྲིམས་འགལ་བྱེད་སྤྱོད་གཅིག་སྡུད་བཅོས་སྒྲིག་ཧུར་ཐག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ཁུལ་དུ་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཀྱི་མཐོ་རླབས་ཤིག་འཕྱུར་བ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་སྟེ་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དེ་རྒྱ་ཆེའི་ཁ་ལོ་བ་དང་འགྲིམ་འགྲུལ་ནང་ཞུགས་མཁན་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ཡོད།

མཚན་མོའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་བྱེད་བཞིན་ཡོད་པ།

ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཆང་བཏུངས་འཁོར་གཏོང་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འདི་ལོའི་ཟླ་3ཚེས་28ཉིན་ནས་ད་བར་ཉིན་160ལྷག་ཙམ་རིང་མཚན་མོ་ཆང་བཏུངས་འཁོར་གཏོང་གྲལ་བཤེར་གྱི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་རེད། ཉིན་མཚན་དབྱེར་མེད་དང་ཁུག་ཆ་མ་ལུས་པར་རྡུང་རྡེག་ནན་པོ་བཏང་བ་བརྒྱུད། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བས། ཆང་རག་བཏུངས་ནས་རླངས་འཁོར་གཏོང་འདོད་བྱེད་མཁན་ཟིལ་གྱིས་མནན་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

དུས་འགོའི་ཆང་བཏུངས་འཁོར་གཏོང་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཉེ་དུས་ཆང་བཏུངས་འཁོར་གཏོང་དང་འབྲེལ་བ་ཡོད་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོ་རེངས་དང་ཞོགས་པར་ཐོན་མང་བའི་སྣང་ཚུལ་དང་ཟུང་འབྲེལ་བྱས་ནས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཞོགས་པའི་ཆུ་ཚོད་6པ་ནས་8པའི་བར་ཆང་བཏུངས་འཁོར་གཏོང་གཅིག་སྡུད་བཅོས་སྒྲིག་བྱེད་པའི་དུས་ཚོད་ལ་བརྩིས་ཡོད་པ་རེད། ཟླ་8ཚེས་31ཉིན་དང་ཟླ་9ཚེས་1ཉིན་གཅིག་སྡུད་བཅོས་སྒྲིག་བྱས་པ་བརྒྱུད། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའི་གྱོད་གཞི་1དང་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའི་གྱོད་གཞི་7ཞིབ་བཤེར་ཐག་གཅོད་ཐུབ་ཡོད། ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་དེས“མཚན་གང་ཆང་བཏུངས”ནས་རླངས་འཁོར་གཏོང་མཁན་གྱི་ཁྲིམས་འགལ་བྱེད་སྤྱོད་ཟིལ་གྱིས་མནན་ཡོད།

འགྲུལ་བཞུད་ལམ་བཟུང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་བྱེད་བཞིན་ཡོད་པ།

གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་བདེ་འཇགས་སྔར་བས་འགན་ལེན་བྱས་ནས་གྲོང་ཁྱེར་གྱི་གཟུགས་བརྙན་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་ཉེན་རྟོག་པའི་སྟོབས་ཤུགས་མང་པོས་འགྲུལ་བཞུད་ལམ་དུ་ཁྲིམས་འགལ་ངང་རླངས་འཁོར་འཇོག་པའི་བྱེད་སྤྱོད་བཅོས་སྒྲིག་བྱས་པ་རེད།

བཅོས་སྒྲིག་བྱེད་རིང་། མི་དམངས་ཉེན་རྟོག་པས“ཁྲིམས་འཛིན་བྱེད་ཞོར་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ལས་ཀའི་རྩ་དོན་གཞིར་བཟུང་། རྒྱ་ཆེའི་མང་ཚོགས་ལ་འགྲུལ་བཞུད་ལམ་ཁྲིམས་འགལ་ངང་བཟུང་བའི་བྱེད་སྤྱོད་སྤེལ་རིང་བཅའ་ཁྲིམས་དང་ཆད་གཅོད་ཀྱི་གཞི་འཛིན་ས་སྒྲོག་འགྲེལ་ཧུར་ཐག་བྱས་ཡོད། ཤེས་རྟོགས་བྱུང་བའི་སྒྲིག་འགལ་ངང་རླངས་འཁོར་འཇོག་པའི་གནས་ཚུལ་ལ་མི་དམངས་ཉེན་རྟོག་པས་རང་སར་ཆད་པ་བཅད་དེ། རྒྱ་ཆེའི་ཁ་ལོ་བར“ཁྲིམས་མཐུན་ངང་རླངས་འཁོར་འཇོག་པ་དང་། ཡ་རབས་ངང་རླངས་འཁོར་འཇོག་པ། ཚད་ལྡན་ངང་རླངས་འཁོར་འཇོག་པ”བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།