ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བོད་ལྗོངས་རྡོ་སྣུམ་ཡན་ལག་ཀུང་སིས་སྤྱི་དམངས་ལ་སྒོ་མོ་འབྱེད་པའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཁེ་ལས་ཀྱི་རིག་གནས་དང་ལྗང་མདོག་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མངོན་པར་བྱེད་པ་དང“དྭངས་གཙང་དང་། ནུས་ཆེ། ཐཱན་ཉུང་། འཁོར་རྒྱུག”བཅས་ཀྱི་ལྗང་མདོག་འཚོ་བ་དར་སྤེལ་བཏང་ནས“ནུས་རྒྱུ་གཙང་མ་དང་མཛེས་སྡུག་ལྡན་པའི་འཚོ་བ”ལྗང་མདོག་སྤུས་རྟགས་ཧུར་ཐག་གཏོད་ཆེད། ཉེ་ཆར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བོད་ལྗོངས་རྡོ་སྣུམ་ཡན་ལག་ཀུང་སིས“རིག་ལྡན་ནུས་རྒྱུ་རྩད་ཞིབ་བྱེད། སྐྱིད་པའི་འཚོ་བ་མཉམ་དུ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་སྤྱི་དམངས་ལ་སྒོ་མོ་འབྱེད་པའི་ཉིན་མོའི་བྱེད་སྒོ་སྤེལ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

“ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་2010ལོའི་ཟླ་4པར་བོད་ལྗོངས་རྡོ་སྣུམ་ཡན་ལག་ཀུང་སི་བཙུགས་པ་རེད། ལོ་11རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སིའི་ཏང་ཙུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལ་རོགས་སྐྱོར་དང་། བོད་དར་རྒྱས་གཏོང་བ། ཁྲོམ་རའི་བཟུང་ཚད་མཐོ་རུ་གཏོང་བ་བཅས་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཁར། ‘གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི’སྙིང་སྟོབས་དར་སྤེལ་བཏང་སྟེ། རང་འགུལ་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཐུབ་པར་བྱས་པ་དང་འབྲེལ་ཞབས་འདེགས་ཀྱང་ཞུས་ཤིང་། བརྟན་ལྷིང་སྲུང་སྐྱོང་དང་། ཁྲོམ་རའི་མཁོ་སྤྲོད་འགན་ལེན། དྲ་རྒྱ་འཛུགས་སྐྲུན། ཐོན་ལས་བོད་སྐྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཁོ་མཁན་ལ་ཞབས་ཞུ་སོགས་ཐད་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་། དཔལ་འབྱོར་གྱི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་ཏན་ཏིག་ཁུར་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད”ཅེས་བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།