ཉིང་ཁྲི་གྲོང་ཁྱེར་སྤྱི་གཏོང་གྲོང་ཚོའི་ཏེང་པ་བའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས།

2021ལོའི་ཟླ་6པའི་ཟླ་སྟོད་ཀྱི་ཉིན་ཞིག་ཆར་སིམ་རླུང་འཇམ་ཁྲོད་དུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”བཅར་འདྲི་ཚོགས་ཆུང་དང་བཅས་པ་རླངས་འཁོར་ལ་བསྡད་དེ་རྫ་ཡུལ་རྫོང་གྲོང་ནས་ལྷོ་ཕྱོགས་ཀྱི་རྫ་ཡུལ་རོང་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་ཏེང་པ་བའི་གྲོང་སྡེར་བཅར་འདྲིར་བསྐྱོད་པ་ཡིན། རྫ་ཡུལ་རོང་སྨད་གྲོང་རྡལ་དུ་སྐྱོད་སྐབས་བདེ་སྐྱིད་ལྡན་པའི་ངོ་གདོང་དང་། ཁྱད་ཆོས་ཟབ་པའི་གྱོན་ཆས། སྤྲོ་སྣང་ལྡན་པའི་སྐད་ཆ་བཅས་ནི་ཁོང་ཚོའི་འགྱུར་མེད་ཀྱི་རང་སྒྲ་རེད་ལ། ང་ཚོས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་རྗེས་ཏེང་པ་བའི་གྲོང་ཚོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་རྣམས་ལྷམ་མེར་ཚོར་ཐུབ་ཀྱི་འདུག

བརྩེ་བ་ཟབ་མོ།

དེ་སྔའི་ལུང་ཁུག་སྐྱོ་པོ་དེ་ད་ཆ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ལ་གྱུར་པ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་བ་ལས་བྱུང་བ་ཞིག་རེད། ལོ་རྒྱུས་ཀྱི་དཔྱད་གཞིར་ལྟ་སྐབས། ལོ་ངོ་70ཡི་གོང་ནས་བཅིངས་འགྲོལ་དམག་དང་ཏེང་པ་བའི་དབར་བརྩེ་བ་ཟབ་མོ་ཆགས་ཟིན་པ་ང་ཚོས་རྟོགས་བྱུང་།

1951ལོར་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་42ཀྱི་ཐོན་ཤོག་126པའི་དཔུང་སྡེ་ཡུན་ནན་ནས་རྫ་ཡུལ་དུ་བཅའ་སྡོད་བྱས་རྗེས། ཐོན་ཀྲང་ཀའོ་ཅན་ཤིང་གིས་ལས་དོན་ཚོགས་ཆུང་ཞིག་བཏང་ནས་ས་སྨད་དང་། བང་ལྔ་ཐང་། གདོང་མཐོང་བཅས་རྒྱུད་ཀྱི་ཏེང་པ་བའི་གྲོང་སྡེར་ལས་དོན་ཡུན་རིང་སྤེལ། 1952ལོའི་ལོ་འགོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་ཞན་ཁུའེ་ཡིས་རུ་མིའི་སྣེ་ཁྲིད་དེ་རི་ཁུག་ནགས་གསེབ་ཏུ་བསྐྱོད་ནས་ཏེང་པ་བ་རྣམས་ལ་རི་གཤམ་དུ་སྤོ་རྒྱུའི་སྐུལ་སློང་བྱས། སྐད་བརྡ་མ་འཕྲོད་པའི་རྐྱེན་གྱིས་ལས་དོན་སྤེལ་ཐབས་བྲལ་བས། ཝུའུ་ཞན་ཁུའེ་ཡིས་ཏེང་པ་བའི་སྐད་ཆ་སྦྱོང་ཆེད་ཁོང་ཚོའི་ཁྱིམ་དུ་བསྡད་དེ་ཏེང་པ་བ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་ངལ་རྩོལ་བྱས། བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་ལྟར། ལོ་ཕྱེད་སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད། ཁོང་དང་ཏེང་པ་བའི་དབར་སྐད་བརྡ་ཡག་པོ་འཕྲོད་ཐུབ་པར་གྱུར། དེ་རྗེས་ལས་དོན་ཚོགས་ཆུང་གི་སྐུལ་སློང་དང་རོགས་རམ་འོག་ཏེང་པ་བ་རྣམས་རིམ་བཞིན་ནགས་གསེབ་ནས་རི་ལྡེབས་སུ་སྤོས་པ་དང་བང་ལྔ་ཐང་སོགས་ཀྱི་རི་ལྡེབས་སུ་ཁང་པ་བརྒྱབ་པ་དང་ས་ཞིང་སྦོལ་ནས་ཏེང་པ་བའི་གྲོང་ཚོ་གསར་པ་བཙུགས། དེ་དང་ཆབས་ཅིག་བཅིངས་འགྲོལ་དམག་གིས་ཏེང་པ་བའི་གྲོང་ཚོ་དང་བོད་རིགས་ཀྱི་གྲོང་ཚོར་གུང་ཁྲན་ཏང་གི་མི་རིགས་ཁག་འདྲ་མཉམ་དང་མཐུན་སྒྲིལ་ཡིན་པའི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་ཡུལ་དེའི་མང་ཚོགས་ལ་ཏེང་པ་བར་བརྙས་བཅོས་མི་གཏོང་བ་དང་། ཏེང་པ་བའི་ལོ་ཏོག་འཕྲོག་མི་ཆོག་པ། ཏེང་པ་བ་འབྲེང་ཟམ་ནས་འགྲོ་རུ་མི་འཇུག་པ་སོགས་ཀྱི་ལུགས་སྲོལ་རྙིང་པ་མེད་པར་བཟོ་དགོས་པ་བཅས་ཀྱི་བླང་བྱ་བཏོན། གསང་སྔགས་ཆོས་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་འཛུགས་སྐབས་ཏེང་པ་བའི་ཧུར་བརྩོན་ཅན་མུ་ཅོག་མི་རིགས་ཆོས་ལུགས་ལས་དོན་གྱི་ཨུ་ཡོན་ལ་བདམས། རྫ་ཡུལ་སློབ་ཆུང་འཛུགས་སྐབས་ཏེང་པ་བའི་ཕྲུ་གུ་4སློབ་གྲྭར་ཞུགས། ཕྱིས་སུ་སྲིད་གཞུང་དང་སྡེ་ཚན་གྱིས་ད་དུང་ཏེང་པ་བའི་ན་གཞོན་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ཏེང་པ་བའི་ལས་བྱེད་པ་གསོ་སྐྱོང་བྱས།

1953ལོར་རྫ་ཡུལ་གྱི་དཔུང་སྡེ་དང་གསང་སྔགས་ཆོས་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གིས་གོང་རིམ་ལ་ཞིབ་མཆན་འགོད་པར་གོང་ཞུ་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་འཇུག་གཏན་འཁེལ་གནང་རྗེས་ཏེང་པ་ཞེས་པ་དེ“ཏེང་པ་བར”དངོས་སུ་བསྒྱུར།

ལོ་རྒྱུས་ཀྱི་འཕོ་འགྱུར།

སྤྱི་གཏོང་གྲོང་ཚོ་ནི་རྫ་ཡུལ་རྫོང་གི་ལྷོ་ནུབ་ཏུ་གནས་པ་དང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཤིང་། གྲོང་རྡལ་སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ་10དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་60ཡོད། འདི་གར་ས་བབ་མཐོ་ཚད་སྨི་1700ལྷག་ཙམ་ཟིན་པ་དང་སྤྱི་གཏོང་གྲོང་ཚོ་ནི་2001ལོར་ས་སྐྱོང་གྲོང་ཚོ་དབུལ་སྐྱོར་གནས་སྤོ་བྱས་རྗེས་ཆགས་པ་ཞིག་ཡིན་པ་དང་ཏེང་པ་བའི་འདུས་སྡོད་གྲོང་ཚོ་ཞིག་རེད། གྲོང་ཚོ་ཡོངས་ལ་ད་ཆ་ཞིང་འབྲོག་པ་དུད་ཚང་26དང་རང་བྱུང་ཚོགས་ཆུང་གཅིག་ཡོད་པར་ཁྱོན་བསྡོམས་མི་111ཡོད།

ང་ཚོ་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པར་ཡོང་བ་ཤེས་རྗེས“90ནང་སྐྱེས”ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལེའོ་ཙེ་ལུའུ་ཡིས་ང་ཚོ་སྤྱི་གཏོང་གྲོང་ཚོ་ཨུ་ལྷན་གྱི་རིག་གནས་ཁང་དུ་ཁྲིད་དེ་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་མང་དག་ཅིག་བསྟན་ནས་ང་ཚོར་ཏེང་པ་བའི་འཚོ་བ་གསར་རྙིང་གི་འགྱུར་ལྡོག་བཤད།

སྤྱི་གཏོང་གྲོང་ཚོའི“ཧྲུའུ་ཅི་གསར་པ”ཡིན་པའི་ལེའོ་ཙེ་ལུའུ་ཡིས་ང་ཚོར་གྲོང་ཚོའི་ནང་གི་བགྲེས་སོང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་དུས་རབས་གོང་མའི་ལོ་རབས་70དང་80བར་ཏེང་པ་བའི་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་པོ་གཏན་ནས་མེད་པས་གཞུང་ལམ་ངོ་དྲག་པ་ཞིག་ག་ནས་ཡོང་། གསུམཁང་པ་ནི་གཙོ་བོ་པང་ལེབ་ལས་བརྒྱབ་པ་ཤ་སྟག་ཡིན་པ་དང་ཡུལ་དེའི་མང་ཚོགས་ཀྱིས་ལོ་འཁོར་མོར་དཀའ་ལས་བརྒྱབ་ཀྱང་ལྟོ་གོས་འཕྱིད་ཙམ་རེད་ཅེས་རྟག་ཏུ་བརྗོད་ཀྱི་ཡོད་ཅེས་བཤད།

སྤྱི་གཏོང་གྲོང་ཚོའི་རྣམ་པ་གསར་པའི་སྐོར་གླེང་སྐབས། ལེའོ་ཙེ་ལུའུ་ཡིས་ང་ཚོར་སྔོན་མ་གྲོང་མི་ཚང་མ་གནམ་ཆུ་སྒུག་ནས་འཚོ་བ་སྐྱེལ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག་ལས་ལ་བརྩོན་པའི་ཏེང་པ་བས་དམངས་སྲོལ་རིག་གནས་འཚོལ་ཞིབ་འབོར་ཆེན་བྱས་པས་ཡུལ་སྐོར་ཡོང་འབབ་གསོག་ཐུབ་ཡོད། དེ་དང་ཆབས་ཅིག་འདེབས་འཛུགས་དང་གསོ་ཚགས་བྱས་པ་དང་ངལ་ནུས་ཕྱིར་གཏོང་སོགས་བྱས་ནས་དངུལ་སྨར་ཡོང་འབབ་མང་དུ་བཏང་ཡོད། 2019ལོར་སྤྱི་གཏོང་གྲོང་ཚོའི་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.75ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2.14ཟིན་ཡོད།

ཨ་ཕང་གིས་ཕྱུག་འགྱུར་ཕག་པ་གསོས་པ།

ཨ་ཕང་ནི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་རེད། ཉེ་བའི་ལོ་ཤས་རིང“མཉམ་ལས་ཁང་དང་དུད་ཚང་དབུལ་པོ”ཟུང་འབྲེལ་བྱེད་སྟངས་སྤྱད་དེ་མང་ཚོགས་དབུལ་པོ་གླས་པ་དང་ཕག་པ་གསོ་སྟངས་བསླབས་པ་མ་ཟད། མང་ཚོགས་དབུལ་པོར་མ་རྐང་ལྟར་བགོ་འགྲེམས་བརྒྱབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཨ་ཕང་གི་ཕག་གསོ་ར་བས་སྤྱི་གཏོང་གྲོང་ཚོའི་དུད་ཚང་དབུལ་པོར་ཆ་སྙོམས་འབབ་འཕར་སྒོར་3000ཡོང་བར་སྐུལ་ཁྲིད་བྱས་པ་མ་ཟད། ལོ་ལྟར་ད་དུང་གྲོང་ཚོའི་མཉམ་སྡེབ་ལ་སྒོར་3000ཁ་གསབ་བྱེད་ཀྱི་ཡོད།

མཉམ་ལས་ཁང་བཙུགས་མ་ཐག་པའི་དུས་སུ་ཨ་ཕང་གིས་བོད་ཕག་10ནགས་གསེབ་ཏུ་གློད་དེ་ཕག་རྒོད་དང་སྡེབ་སྦྱོར་དང་བརྒྱུད་སྤེལ་བྱས་པ་དང་། ཕྱིས་སུ་ད་དུང་ཕག་ཕྲུག་ཟམ་མི་ཆད་པར་ནགས་གསེབ་ཏུ་གློད་ཡོད། “ང་ཚོས་ཉིན་ལྟར་བོད་ཕག་ལ་མ་རྨོས་ལོ་ཏོག་ཐེངས་གཅིག་ལས་སྟེར་གྱི་མེད། བོད་ཕག་གིས་དེ་དག་བཟས་རྗེས་ནགས་གསེབ་ཏུ་འགྲོ་གི་ཡོད། དེ་ལྟར་བྱས་ན་བོད་ཕག་བརླགས་མི་སྲིད་ལ། ཕག་ཤའི་སྤུས་ཚད་ཀྱང་འགན་ལེན་བྱེད་ཐུབ”ཅེས་ཨ་ཕང་གིས་བཤད།

ལོ་ལྟར་སྟོན་ཁ་ཨ་ཕང་གིས་དཔལ་འབྱོར་གྱི་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པའི་གྲོང་མིའི་ཁྱིམ་ནས་མ་རྨོས་ལོ་ཏོག་ཉོས་ཏེ་ཚང་མར་ལོ་ལྟར་གཏན་འཇགས་ཀྱི་ཡོང་འབབ་ཡོད་པའི་འགན་ལེན་བྱེད་ཀྱི་ཡོད། ན་ནིང་ཕག་གསོ་ར་བ་ནས་མ་རྨོས་ལོ་ཏོག་ཉོ་བ་ཁོ་ནར་སྒོར་ཁྲི་7ལྷག་ཙམ་བཏང་ཡོད། གཞན་ཡང་ད་དུང་གྲོང་ཚོའི་མི་20ལྷག་ཙམ་ཕག་གསོ་ར་བར་ལས་ཀ་བྱེད་ཀྱི་ཡོད་ཅིང་། གཙོ་བོ་ཕག་ཚང་གཙང་སེལ་དང་། ཡུར་མ་ཡུར་བ། ཕག་ལྟོ་གཡོ་བ། ཕག་ལྟོ་སྟེར་བ་སོགས་ཀྱི་འགན་འཁུར་གྱི་ཡོད་པས་མི་རེར་ཉིན་རེར་ཡོང་འབབ་སྒོར་160ཙམ་ཟིན་པ་མ་ཟད། ཕག་གསོ་ར་བ་ནས་ད་དུང་ཉིན་རེའི་ལྟོ་དུས་གསུམ་ཡང་མཁོ་འདོན་བྱེད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་མཉམ་ལས་ཁང་དུ་གླ་པ་རྒྱུག་པར་ཡོང་མཁན་གྲོང་མི་ཁག་གཅིག་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད་པ་དང་དུས་ཐུང་གླ་པ་རྒྱུག་པར་ལོ་གཅིག་ལ་ཡོང་འབབ་སྒོར་4000ལྷག་ཙམ་ཡོང་གི་ཡོད་པ་རེད།

ཨ་ཕང་གིས། འདི་ལོ་རྫ་ཡུལ་རྫོང་ཐོན་ལས་གཞུང་དོན་ཁང་གིས་ཕག་གསོ་ར་བར་སྒོར་ཁྲི་50ཡི་རོགས་སྐྱོར་མ་དངུལ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་སྤྱད་ཡོད་ཅེས་བཤད། ཁོང་གིས་ཕག་གསོ་ར་བའི་གཞི་ཁྱོན་དེ་མགོ་གྲངས་1000བར་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས“ཏེང་པའི་ཁྱད་ལྡན་ཕག་པའི”ཚོང་རྟགས་ཐོ་འགོད་བྱས་ནས“ཏེང་པའི་ཁྱད་ལྡན་ཕག་པའི”ཤ་བཙོས་མའི་ལས་སྣོན་ཁང་གཉེར་བ་དང་ཤ་བསྙལ་མ་དང་རྒྱུ་མ་སོགས་ཐོན་རྫས་ཐོན་སྐྱེད་བྱས་ནས་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།