རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དམིགས་ལས་དོན་ཨུ་ལྷན་གྱི་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དམིགས་ལས་དོན་ཨུ་ལྷན་གྱི་སྒྲོག་འགྲེལ་ཚོགས་པས་ལྷ་སར་བོད་ལྗོངས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བསྡུས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཞའོ་ཧྭ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་བསམ་གཏན་གྱིས“‘ལོ་ལྔའི་འཆར་གཞི་བཅུ་བཞི་བའི’མགོ་ཡག་པོ་བཙུགས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་གཞིར་དམིགས་ནས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

1310215135_16328247693341n.jpg

པར་འདི་ནི་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུའི་ཡུལ་དངོས་རེད།

ཁྲེན་ཞའོ་ཧྭ་ཡིས་རང་རྒྱལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ངེས་གནས་དང་འཐབ་ཇུས་ཀྱི་བསམ་གཞིགས། གཙོ་གནད་ལས་འགན་བཅས་ལ་དམིགས་ཏེ། “གྲོང་གསེབ་དར་སྤེལ་གཏོང་དགོས་དོན་ཅི་ཡིན་པ་དང་། གྲོང་གསེབ་དར་སྤེལ་གཏོང་བར་ཅི་ཞིག་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་ཇི་ལྟར་བྱེད་དགོས”བཅས་ཀྱི་བརྗོད་གཞི་རང་ངོས་ཀྱི་འགན་འཁྲི་ལག་ལེན་གྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱི་ངོས་འཛིན་དང་མྱོང་ཚོར་གླེང་བ་རེད།

བློ་བཟང་བསམ་གཏན་གྱིས་མངའ་རིས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལག་ལེན་དཔེ་བཞག་ནས། བབ་ཆགས་ཀྱི་སྐད་བརྡ་དང་། གསོན་ཉམས་ལྡན་པའི་གྱོད་དཔེ། ཞིབ་ཅིང་ཚགས་པའི་གཞི་གྲངས་བཅས་ལ་བརྟེན་ནས་མངའ་རིས་ས་ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས། ཁོང་གིས་ད་དུང་མངའ་རིས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་རང་ཉིད་ཀྱི་བསམ་གཞིགས་དང་གྲོས་འགོ་བཏོན།

1310215135_16328247694121n.jpg

པར་འདི་ནི་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུའི་ཡུལ་དངོས་རེད།

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅན་ཀུང་གིས་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ལས་ཁུངས་སོ་སོ། སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཐེངས་འདིའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམིགས་ཚད་དང་ལས་འགན་ལ་དམིགས་ནས། ཐབས་ཇུས་ཧུར་ཐག་འདོན་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་ཕོད་པའི་བློ་སྟོབས་མཚོན་པར་བྱེད་དགོས་ཞེས་གསུངས་པ་རེད།

སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དེ་རྒྱང་ཁྲིད་བརྙན་འཕྲིན་ཚོགས་འདུའི་རྣམ་པས་བསྡུས་པ་དང་། བོད་ལྗོངས་སུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན། འབྲེལ་ཡོད་ཐིང་དང་ཅུའུ་ཡི་འགན་འཁུར་བློ་མཐུན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་སོགས་མི1000ལྷག་གིས་སྒྲོག་འགྲེལ་སྙན་ཞུར་ཉན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།