《ལྷ་ས་གྲོང་ཁྱེར་གྱི་ཁྱི་གསོའི་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱི་གསོའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་སྤྱི་དམངས་ཀྱི་བདེ་ཐང་དང་མི་ལུས་བདེ་འཇགས་འགན་ལེན་དང་། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་སྲུང་སྐྱོང་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། ལྷ་ས་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉིན་ཤས་གོང《ལྷ་ས་གྲོང་ཁྱེར་གྱི་ཁྱི་གསོའི་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པའི《སྲོལ་ཡིག》དེ་བས་ཞིབ་ཚགས་པོ་དང་དེ་བས་ནན་པོ་ཡོད་ཅིང་། ཁྱི་གསོའི་བྱ་སྤྱོད་ཚད་གཞི་ཞིབ་ཚགས་སུ་བཏང་བ་དང་། འབྲེལ་ཡོད་གཉེར་སྐྱོང་བྱེད་སྒོའི་སྐོར་གཏན་འབེབས་ཞིབ་ཕྲ་བྱས་པ་མ་ཟད། ཁྲིམས་འགལ་ངང་ཁྱི་གསོ་བར་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྲོང་མིར་ཡ་རབས་ངང་ཁྱི་གསོ་རྒྱུ་དང་ཁྱི་གསོ་སྟངས་ཚད་ལྡན་དུ་གཏོང་རྒྱུའི་སྣེ་ཁྲིད་སྲོལ་གཏོད་བྱ་རྒྱུ། སྒྲིག་སྲོལ་དང་འགལ་ནས་ཁྱི་གསོས་པར་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་བཅས་ཡིན་པ་རེད།

ས་ཁོངས་དབྱེ་ནས་དོ་དམ་གྱིས་བཙན་ཤེད་ངང་རིམས་འགོག་དང་ཐོ་འགོད་ལམ་ལུགས་ལག་ལེན་བསྟར་རྒྱུ།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》གི་གཏན་འབེབས་ལྟར། ལྷ་ས་གྲོང་ཁྱེར་དུ་ཁྱི་གསོ་སྐབས་གསོ་མི་ཆོག་པའི་ཁུལ་དང་། གཙོ་གནད་དོ་དམ་ཁུལ། སྤྱིར་བཏང་དོ་དམ་ཁུལ་བཅས་ལྟར་ས་ཁོངས་དབྱེ་ནས་དོ་དམ་བྱ་རྒྱུ་ཡིན་པ་སྟེ། ཁྱི་གསོ་མི་ཆོག་པའི་ཁུལ་དཔེར་ན། ལས་ཁུངས་ཀྱི་གཞུང་ལས་ཁུལ་དང་། སྨན་ཁང་། བུ་བཅོལ་ཁང་། སློབ་གྲྭའི་སློབ་ཁྲིད་ཁུལ། སློབ་མའི་ཉལ་ཁང་། རྒན་གསོ་ཁང་སོགས་སུ་ཁྱི་གང་འདྲ་ཞིག་ཡིན་རུང(ལོང་བ་དང་རྐང་ལག་སྐྱོན་ཚབས་ཆེན་ཡོད་པའི་མི་སྣ་སོགས་ཀྱི་ལམ་སྟོན་ཁྱི་སོགས་ཕུད)གསོ་ཉར་དང་། རྒྱུད་སྤེལ། ཚོང་གཉེར་བཅས་བྱེད་མི་ཆོག་པ་དང་། གཙོ་གནད་དོ་དམ་ཁུལ(གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ས་མཚམས་དབྱེ་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ)དུ་ཁྱི་སྨྱོན་ནད་རིགས་སྔོན་འགོག་དང་ཁྱི་གསོ་ཐོ་འགོད་ལམ་ལུགས་བཙན་ཤེད་ངང་ལག་ལེན་བསྟར་རྒྱུ། སྤྱིར་བཏང་གི་དོ་དམ་ཁུལ(ཁྱི་གསོ་མི་ཆོག་པའི་ཁུལ་དང་གཙོ་གནད་དོ་དམ་ཁུལ་ཕུད་པའི་ས་ཁོངས)དུ་ཁྱི་སྨྱོན་ནད་རིགས་སྔོན་འགོག་གི་ལམ་ལུགས་བཙན་ཤེད་ངང་ལག་ལེན་བསྟར་རྒྱུ་བཅས་རེད་འདུག

ལྷ་ས་གྲོང་ཁྱེར་སྲིད་འཛིན་ཁོངས་གཏོགས་ཀྱི་ཚན་པར་ཁྱི་གསོ་མི་ཆོག་པ་དང་། གཙོ་གནད་དོ་དམ་ཁུལ་དུ་ལོང་བ་དང་རྐང་ལག་སྐྱོན་ཚབས་ཆེ་བའི་མི་སྣའི་ལམ་སྟོན་ཁྱི་གསོ་ཆོག་པ་ཕུད། གསོ་མི་ཆོག་པའི་ཁྱི་རིགས(གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ལས་གྲོང་གསེབ་སྡེ་ཚན་དང་མཉམ་དུ་གསོ་མི་ཆོག་པའི་ཁྱིའི་མིང་གཞུང་གཏན་འཁེལ་བྱས་རྗེས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ)གསོ་ཉར་དང་། རྒྱུད་སྤེལ། ཚོང་གཉེར་བཅས་བྱེད་མི་རུང་། ཁྱི་གསོ་མཁན་གྱིས་ཁྱི་གུ་སྐྱེས་ནས་ཟླ་བ་གསུམ་ཟིན་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཁྱི་ཁྲིད་དེ། ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་བཀོད་སྒྲིག་དང་ཡང་ན་མངགས་བཅོལ་བྱས་པའི་རིམས་འགོག་ས་ཚིགས་སུ་ཁྱི་སྨྱོན་ནད་རིགས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ནས་ཁྱིའི་རིགས་ཀྱི་རིམས་འགོག་གསལ་བཤད་ཡི་གེ་རག་པ་བྱེད་དགོས། རིམས་འགོག་གསལ་བཤད་ཡི་གེ་རག་རྗེས། ཁྱི་གསོ་མཁན་གྱིས་རིམས་འགོག་གི་གོ་ཆོད་དུས་ཚོད་མ་ཐིམ་གོང་བསྐྱར་དུ་ཁྱིར་རིམས་འགོག་སྨན་ཁབ་རྒྱག་དགོས། གཙོ་གནད་དོ་དམ་ཁུལ་གྱི་ཁྱི་གསོ་མཁན་གྱིས་ཁྱིའི་རིགས་ཀྱི་རིམས་འགོག་གསལ་བཤད་ཡི་གེ་རག་པའི་ཉིན་ནས་བཟུང་གི་ཉིན་ཉི་ཤུའི་ནང་ཚུན་དུ། སྤྱི་བདེ་ལས་ཁུངས་སུ་ཁྱི་གསོ་ཐོ་འགོད་རེ་ཞུ་བྱེད་པར་བསྐྱོད་ནས་ཁྱི་གསོ་ཆོག་པའི་ཐོ་འགོད་ལག་ཁྱེར་རག་པ་བྱེད་དགོས།

ཁྲིམས་ལྟར་ཡ་རབས་ངང་ཁྱི་གསོས་ཏེ《སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ།

《སྲོལ་ཡིག》ནང་ཁ་གསལ་བཏོན་དོན། ཁྱི་གསོ་མཁན་གྱིས་ཁྲིམས་དང་མཐུན་ལ་ཡ་རབས་ལྡན་པའི་སྒོ་ནས་ཁྱི་གསོ་བ་ལས་སྡོད་ཁང་གནས་ཡུལ་གྱི་སྤྱི་པའི་ས་ཆར་ཁྱི་གསོ་མི་ཆོག་པ་དང་། མི་གཞན་གྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བར་རྙོག་དྲ་བཟོ་མི་ཆོག་པ། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་སོགས་ལ་ཤུགས་རྐྱེན་བཟོ་མི་ཆོག དུས་མཚུངས་སུ་ཁྱི་གསོ་མཁན་གྱིས་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། དྲན་གསོ་ཁང་། ལུས་རྩལ་ཁང་སོགས་སྤྱི་པའི་རིག་གནས་ལུས་རྩལ་ཁང་དང་དེ་བཞིན《སྲོལ་ཡིག》ནང་གཏན་འབེབས་བྱས་པའི་ཁྱི་གསོ་མི་ཆོག་པའི་ས་ཆ་གཞན་དག(ལོང་བ་དང་རྐང་ལག་སྐྱོན་ཚབས་ཆེ་བའི་མི་སྣའི་ལམ་སྟོན་ཁྱི་ཕུད)བཅས་སུ་ཁྱི་ཁྲིད་མི་ཆོག

“ངས་ཁྱི་གསོས་ནས་ལོ་གསུམ་ཕྱིན་སོང་། ལོ་ལྟར་ཁྱིར་ཁྱི་སྨྱོན་ནད་རིགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་གི་ཡོད། རྒྱུན་དུ་ཁྱི་འཆམ་འཆམ་དུ་ཁྲིད་སྐབས་ངས་མི་ཉུང་སར་འགྲོ་གི་ཡོད། འཆམ་འཆམ་དུ་འགྲོ་སྐབས་ཁྱི་ལ་ཐག་པ་བཏགས་ནས་གང་བྱུང་དུ་གློད་ཀྱི་མེད་ལ། ཁྱི་སྐྱག་ཀྱང་གང་བྱུང་གཏོང་འཇུག་གི་མེད། ངས་མི་གཞན་གྱི་ལས་ཀ་དང་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བྱེད་ཀྱི་ཡོད”ཅེས་གྲོང་མི་རྡོ་རྗེས་གསར་འགོད་པར་བརྗོད་བྱུང་།

《སྲོལ་ཡིག》གི་གཏན་འབེབས་དང་འགལ་ཚེ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུའམ་ཡང་ན་དངུལ་ཆད་གཅོད་རྒྱུ།

ཡ་རབས་ངང་ཁྱི་གསོ་བ་ནི་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་པའི་འོས་འགན་ཞིག་དང་ཁྱི་གསོ་མཁན་ལ་ལྡན་འོས་པའི་སྤྱི་ཚོགས་ཀུན་སྤྱོད་ཅིག་རེད་ལ། གྲོང་ཁྱེར་ཞིག་གི་ཤེས་དཔལ་ཆུ་ཚད་མཚོན་པའི་མཚོན་རྟགས་ཤིག་དེ་བས་ཀྱང་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཁྱི་གསོ་མཁན་གྱིས《སྲོལ་ཡིག》འདིའི་ནང་གི་གཏན་འབེབས་དང་འགལ་ནས་ཁྱི་གསོ་མི་ཆོག་པའི་ཁུལ་དུ་ཁྱི་གསོ་ཉར་དང་། རྒྱུད་སྤེལ། ཚོང་གཉེར་བཅས་བྱས་པའམ་ཡང་ན། གཙོ་གནད་དོ་དམ་ཁུལ་དུ་གསོ་མི་ཆོག་པའི་ཁྱི་རིགས་གསོ་ཉར་དང་། རྒྱུད་སྤེལ། ཚོང་གཉེར་བཅས་བྱས་རིགས་དང་། གཏན་འབེབས་ལྟར་གསོས་ཉར་ཁྱི་ལ་རིམས་འགོག་སྨན་ཁབ་བརྒྱབ་མེད་རིགས། ཁྱི་གསོའི་ཐོ་འགོད་བྱས་མེད་རིགས། རྒྱུན་མཐུད་འགྲོ་ལུགས་གཉེར་མེད་རིགས། ཁྱི་གསོ་མཁན་གྱིས་ཁྱིར་ཐག་པ་བཏགས་ནས་ཁྲིད་མེད་རིགས། ཁྱི་ཁྲིད་དེ་འགྲོ་མི་ཆོག་པའི་གནས་ཡུལ་དང་ས་ཁོངས་སུ་བསྐྱོད་རིགས། མི་གཞན་གྱི་རྒྱུན་གཏན་འཚོ་བར་འགལ་རྐྱེན་བཟོས་རིགས་བཅས་ལ། སྤྱི་བདེ་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་དུས་བཀག་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་མ་བྱས་རིགས་ལ། འབྲེལ་ཡོད་གཏན་འབེབས་ལྟར་སྒོར་100ནས་3000བར་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་རེད།

“གོམ་སྟབས་རྗེས་མར། ང་ཚོས་དུས་རྒྱུན་གྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཐོག སློབ་གསོ་བཏང་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཁྲིམས་འཛིན་ནན་པོ་བྱ་རྒྱུ་ཟུང་འབྲེལ་བྱས་པ་བརྒྱུད། གཙོ་གནད་གནས་ཡུལ་དང་ས་ཁོངས་ཀྱི་ཁྱི་གསོའ་དོ་དམ་བྱེད་ཤུགས་ཆེ་རུ་དང་ལྷག་པར་ཏུ་སྤྱི་པའི་གནས་ཡུལ་དང་མི་མང་འདུས་སྡོད་ཁུལ་གྱི་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་རབས་དང་ཁྲིམས་འགལ་གྱི་ཁྱི་གསོ་བྱེད་སྤྱོད་ཡོ་བསྲང་བྱས་ནས། ཡ་རབས་ངང་ཁྱི་གསོ་བའི་སྤྱི་ཚོགས་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་བཤད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།