ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པས་བོད་ལྗོངས་སུ་མཛུབ་ཁྲིད་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9ཚེས་10ནས་18ཉིན་བར། ཙུའུ་ཀྲང་ཡུས་ཞའོ་མིང་གིས་རུ་སྣེ་ཁྲིད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པ་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གཅིག་ཏུ་མཛུབ་ཁྲིད་བྱེད་དུ་བསྐྱོད་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡན་ཆིང་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

བོད་དུ་སྡོད་རིང་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པས་རང་ལྗོངས་ཀྱི་ནག་ཆུ་དང་། ལྷ་ས། མངའ་རིས། གཞིས་རྩེ་སོགས་སུ་བསྐྱོད་དེ་འབྲེལ་ཡོད་ཚན་པའི་གནས་ཚུལ་སྙན་སེང་གསན་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་ནས་རང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་བརྟག་ཞིབ་མཛུབ་ཁྲིད་ལས་དོན་གཏིང་ཟབ་སྤེལ་བ་རེད།

ཚེས་10ཉིན། མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་གནང་བ་དང་འབྲེལ་ཕྱི་ཉིན་འབྲི་རུ་རྫོང་སྨན་བཅོས་ཚོགས་པ་དང་། གཅིག་འཐུས་རྣམ་པའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན། ཡིག་འབུལ་ངོ་བཅར་ཅུས་བཅས་སུ་བསྐྱོད་དེ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་གནང་ཞིང་། མཛུབ་ཁྲིད་ཚོགས་ཆུང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་གི་གྲུབ་འབྲས་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་བར་བྱས་ནས་མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་སྐབས། ཡུས་ཞའོ་མིང་གིས་འགྲེམས་སྟོན་གསོན་ཉམས་དོད་ལ་ཆ་ཚང་བ་ཞིག་འདུག་དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་ས་ཡག་པོ་ཞིག་ཡིན་པས། སློབ་གསོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་དངོས་འབྲེལ་མང་ཚོགས་དང་ཉེ་བཅར་དང་མི་རྣམས་ཀྱི་སེམས་སུ་ཟུག་པར་བྱེད་དགོས་ཞེས་གསུངས་པ་རེད།

མངའ་རིས་ས་ཁུལ་སྒར་རྫོང་གི་ཏང་ཡོན་གྱི་ཏང་གཤིས་ཞིབ་བཤེར་ལྟེ་གནས་དང་། སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་། སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་ཁལ་མའི་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས། བར་ག་ཤང་སྲིད་གཞུང་སོགས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་རྗེས། ཡུས་ཞའོ་མིང་གིས་མངའ་རིས་ས་ཁུལ་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲིའི་སྦྲེལ་ཐག་དམ་དུ་གཏོང་བ། འགོ་འཛུགས་ས་མཐོ་པོའི་ཐོག་ནས་ཇུས་འགོད་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་རྒྱུར་ཁྲིད་སྟོན་གྱིས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

མཛུབ་ཁྲིད་ཚོགས་ཆུང་དང་བཅས་པས་ད་དུང་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དང་། སྐྱིད་གྲོང་རྫོང་། དིང་རི་རྫོང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་སོགས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བསྐྱོད་དེ་འབྲེལ་ཡོད་གནས་ཚུལ་སྙན་སེང་གསན་པ་དང་ས་གནས་ས་ཐོག་ཏུ་བྱེད་སྒོ་སྤེལ་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཡུས་ཞའོ་མིང་གིས་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་བྱེད་སྒོ་ཡག་པོ་སྤེལ་བ་དང་ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བསྟར་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།