བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ། གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་སྤྱི་ཚོགས་བརྒྱུད་མྱོང་བ་དང་སྤྱི་ཚོགས་གསར་རྙིང་གི་ཉིན་རེ་ལས་མ་འདས་པའི་འཕོ་འགྱུར་ལ་དཔང་པོ་བྱེད་ཐུབ་པའི་ལོ་བརྒྱད་ཅུ་ལྷག་ཙམ་ལ་སོན་པའི་རྒན་རྒོན་ཚོས་རང་ཉིད་འཚོ་གཞེས་ཀྱི་རིང་ལ་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་རྒྱུ་བྱུང་བར་དགའ་སྤྲོ་ཚད་མེད་བྱེད་ཀྱི་ཡོད་ལ་སྤྱི་ཚོགས་ཀྱི་ལམ་ལུགས་འཕོ་འགྱུར་བྱུང་བ་ལས་ཁོང་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་པར་ཚོར་སྣང་ཟབ་མོ་བྱུང་ཡོད།
བོད་རྙིང་པའི་གཞིས་རྩེ“ཆུ་དབར་གཞིས་ཀར”འཚོ་བ་བསྐྱལ་མྱོང་བའི་སྐབས་དེ་དུས་ཀྱི་ཞིང་བྲན་རྡོ་གྲམ་ངོས་ནས་བརྗོད་ན“ཉིན་མོ་གསུམ”ལས་མེད་པ་སྟེ། ཉིན་མོ་གཅིག་སྒུར་སྒུར་ཞུམ་ཞུམ་གྱིས་མངའ་བདག་ལ་ཞབས་ཕྱི་ཞུ་དགོས་པ་དང་། ཉིན་གཅིག་ཕྱུག་བདག་གི་ཁྱིམ་དུ་གླ་པར་སོང་བར་གླ་ཆ་རྩམ་པ་ཕྲན་བུ་ཡོད་པ། ཉིན་གཅིག་ནུས་ཤུགས་གང་ཡོད་བཏོན་ནས་མངའ་བདག་ས་ནས་བོགས་མར་བླངས་པའི་ཞིང་ཁ་འདེབས་པར་འགྲོ་དགོས་ཀྱི་ཡོད། འཚོ་བ་སྐྱོ་པོ་འདི་ལྟ་བུ་ཉི་མ་གནམ་ལ་ཤར་ཚད་འགྱུར་བ་གང་ཡང་མེད།
“ང་ཚོས་བོགས་མར་བླངས་པའི་ས་ཞིང་མུའུ་3གྱི་ལོ་རེའི་ཐོན་འབབ་ནས་མངའ་བདག་ལ་འབོ(འཇལ་བྱེད་ཀྱི་སྣོད་ཅིག འབྲུ་རྒྱ་མ་28གཤོང་ཐུབ)6འཇལ་དགོས་པ་དང་ལྷག་འཕྲོ་རྣམས་ལོ་གོང་མར་ཕྱུག་བདག་ལ་ཆད་པའི་འབྲུ་བུན་ཧ་ལམ་འབོ་30འཇལ་དགོས་པས་ལོ་འཁོར་མོར་རང་ལ་འབྲུ་རྡོག་གཅིག་ཀྱང་ལྷག་གི་མེད”ཅེས་ད་ལོ་ལོ་86ལ་སླེབས་པའི་རྡོ་གྲམ་གྱིས་བརྗོད།
དེས་མ་ཟད། རྡོ་གྲམ་ཁྱིམ་གྱིས་ལོ་ལྟར་མངའ་བདག་ལ་འབྲུ་ཁྲལ་དང་། བལ་ཁྲལ། ཤ་ཁྲལ། ཤིང་ཁྲལ། གཟན་ཆག་ཁྲལ་སོགས་ཁྲལ་སྣ་ཚོགས་འཇལ་དགོས་ཀྱི་ཡོད་པས་སྡུག་བསྔལ་སྨྲ་བརྗོད་ལས་འདས།
བོད་རྙིང་པར་ས་ཞིང་བདག་གིར་བཟུང་བར་བརྟེན་ནས་མངའ་བདག་ཆེན་པོ་གསུམ(སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ)གྱིས་ཞིང་བྲན་གྱི་འཆི་གསོན་དང་བག་མ་བསུ་ལེན་ལ་དབང་སྒྱུར་བྱེད་ཀྱི་ཡོད་པས་གང་འདོད་དུ་རྒྱན་འགྱེད་དང་། ཉོ་ཚོང་། འབུལ་སྐྱེལ་སོགས་ལ་སྤྱད་ཆོག་པས་རྒྱ་ཆེའི་ཞིང་བྲན་ལ་འགྲོ་བ་མིའི་ཐོབ་ཐང་གཏན་ནས་མེད།
ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་བློ་བཟང་སྒྲོལ་མས་སྡེ་ཁུལ་གྱི་སྒོ་ཕིབས་སྟེང་གི“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ·ཁེ་གསུམ”ཞེས་པར་བལྟ་རིམ་བཞིན་རྒན་མོའི་བློ་ངོར་སྔ་མོའི་གནས་ཚུལ་ཝ་ལེར་འཆར་གྱི་ཡོད།
“བོད་རྙིང་པའི་ཁེ་གསུམ་གཞིས་ཀའི་སྒོ་འགྲམ་དུ་ལོ་གཅིག་དུས་བཞིར་ཞིང་བྲན་བདག་པོའི་ཁྲིམས་འཛིན་དམིགས་བསལ་དབང་ཆ་མཚོན་པའི་ཁྲིམས་ཀྱི་དབྱུག་པ་བཀལ་ཡོད་པ་དེ་ཐོག་ནས་ཁེ་གསུམ་གཞིས་ཀ་འདི་གཞིས་ཀ་གཞན་ལས་དེ་བས་མུན་ནག་དང་གདུག་རྩུབ་ཆེ་བ་དང་ཁེ་གསུམ་གྱི་ཞིང་བྲན་རྣམས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་མཚོན་ཐུབ”ཅེས་བློ་བཟང་སྒྲོལ་མས་མགྲིན་པ་བརྣངས་བཞིན་བཤད།
1951ལོར“གྲོས་མཐུན་དོན་ཚན་བཅུ་བདུན”བཞག་པ་དང་བསྟུན་ནས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་དང་མནར་གཅོད་ཚད་མེད་མྱངས་པའི་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོས་བཅིངས་འགྲོལ་གྱི་སྐྱ་རེངས་མཐོང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་གངས་ལྗོངས་ས་མཐོར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རྡོ་གྲམ་ལ་མངའ་བདག་ཁྱིམ་གྱི་མཛོད་ཁང་ནས་ཚགས་ཤ་དང་ལུག་ཤ་བགོ་བཤའ་རག་མ་ཐག་དགའ་སྤྲོའི་ངང་ཁྱིམ་དུ་ལོག་སྟེ་དགོང་མོ་དེ་རང་ལ་མེ་ཕུང་སྤར་ནས་ཤ་བཙོས་པ་དང་ཞབས་བྲོ་འཁྲབ། རྡོ་གྲམ་གྱིས་སྐབས་དེ་དུས་ཤ་ཁམ་དང་པོ་ཟ་དུས་མིག་ཆུ་དབང་མེད་དུ་ཤོར་བ་ད་དུང་ཡང་བརྗེད་མེད།
ད་ཆ་རྡོ་གྲམ་ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་སྡོད་ཁང་ཐོག་སོ་ཉིས་ཅན་དུ་སྡོད་ཀྱི་ཡོད་པ་དང་ཁྱིམ་གྱི་ལྗིད་ཐེག་རླངས་འཁོར་དྲུག་དང་འདྲུད་འཐེན་འཁོར་ལོ་སྒོ་རའི་ནང་གྲལ་སྟར་འགྲིག་པོས་བཞག་ཡོད། བུ་གསུམ་པོ་ལས་ཀར་བརྩོན་ཞིང་ཕྱིར་གླ་པར་བསྐྱོད་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་བ། སོ་ནམ་ལས་པ་བཅས་ལས་ཁྱིམ་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད། བུ་ཚའི་ལྟ་སྐྱོང་ཞིབ་ཚགས་འོག་རྒན་རྒོན་ཟས་གོས་ཐད་སེམས་ཁྲལ་མེད་པར་ཚེ་མཇུག་སྐྱིད་པོ་སྐྱེལ་བཞིན་ཡོད།
ཁེ་གསུམ་གྱི་དེ་སྔའི་ཞིང་བྲན་ཚོའི་མིག་ནང་གི“མི་ཡུལ་གྱི་དམྱལ་བ”སྔ་ས་ནས་མི་ཡུལ་ཁམས་སུ་འགྱུར་ནས་རྒྱ་ཆེ་བའི་ཁྲོམ་གཞུང་དང་། ཀ་གདུང་རྐོས་མ་སྣ་ཚོགས་ཀྱིས་བརྒྱན་པའི་བོད་བཟོའི་ཁང་པ། ལས་བྲེལ་ཆེ་ཡང་ངོ་གདོང་ནས་འཆམ་མཐུན་མངོན་པའི་གྲོང་མི་བཅས་ལས་གྲོང་ཚོའི་འཕོ་འགྱུར་ཆེན་པོ་དང་རེ་བ་མཚོན་གྱི་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་ཁེ་གསུམ་ལ་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ནས“སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས”སྐྲུན་འགོ་ཚུགས་པ་དང་། ཆུ་འབུད་དང་། གློག་སྒྲོན། སྔོ་འགྱུར་བཅས་ཀྱི་མ་ལག་ཉམས་གསོ་བྱས་པ། དམངས་ཕན་ཞབས་ཞུའི་ལྟེ་གནས་དང་ཞིང་པའི་དཔེ་ཁང་སོགས་བསྐྲུན་པས་སྡོད་མལ་ཁོར་ཡུག་གསར་རྐྱང་དུ་གྱུར་ཡོད། 2017ལོར་ཁེ་གསུམ་སྡེ་ཁུལ་གྱི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2020ལོར་སླེབས་སྐབས་སྡེ་ཁུལ་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཟིན་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་མཆོང་སྐྱོད་གསར་པ་བྱུང་བ་རེད།
“ད་ཆ་ངས་ནམ་རྒྱུན་གྱོན་པའི་གྱོན་ཆས་ནི་བོད་རྙིང་པའི་སྐུ་དྲག་གི་གྱོན་ཆས་ལས་ཀྱང་ཡག་པ་ཡོད་ལ། ཟ་འདོད་པ་ཚང་མ་ཡོད་པ་མ་ཟད། ནད་གཞི་ལྟ་བར་ཡང་སྟབས་བདེ་པོ་འདུག ད་ཆ་ང་ལ་བསམ་འདུན་གཅིག་ལས་མེད་པ་དེ་ནི་ད་དུང་ལོ་ཁ་ཤས་སྡོད་རྒྱུ་བྱུང་ན་བསམ་གྱི་འདུག”ཅེས་བློ་བཟང་སྒྲོལ་མས་བཤད།
ཉེ་བའི་ལོ་ཤས་རིང་། ཁྲོན་བོད་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ཟམ་མི་ཆད་པར་བྱས་པ་དང་བསྟུན་ནས་སི་ཁྲོན་དང་ཡུན་ནན་ནས་སྒེར་འཁོར་དང་རྐང་འཁོར་བཏང་སྟེ་བོད་ལ་ཡོང་མཁན་ཡུལ་སྐོར་བ་མཚམས་ཆད་རྒྱུ་མེད། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་གླད་དག་གྲོང་ཚོའི་མང་ཚོགས་ཚོས་གོ་སྐབས་དམ་འཛིན་གྱིས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་གི་ཡོད། 2017ལོར་གླ་དག་གྲོང་ཚོ་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དང་། 2020ལོར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་16925ཟིན་ནས་གྲོང་མིའི་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་གི་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལོ་བརྒྱད་ཅུར་སོན་པའི་རྒན་རྒོན་ཚོས་བོད་ཀྱི་འཕོ་འགྱུར་ལ་དཔང་པོ་བྱེད་པ།