སྐྱེ་ཁམས་ཡུལ་སྐོར་ལས་རོང་འབྲོག་པར་འབབ་འཕར་བྱུང་བ།

—— ལྷོ་ཁ་གྲོང་ཁྱེར་གྱི་ཁུལ་ཁོངས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་ཁྱད་ལྡན་རིག་གནས་ཐོན་ཁུངས། སྐམ་ལམ་དང་མཁའ་ལམ་གྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་ནས་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་བའི་རྨང་གཞིའི་ཐོག ཡུལ་སྐོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་། གསར་སྤེལ་དང་ཁྱབ་གདལ་ཤུགས་ཆེན་བཏང་བ། གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་པ་བཅས་བྱས་ཏེ་ཁུལ་ཁོངས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

གྲོང་གསེབ་ཡུལ་སྐོར་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་ལ་སྐུལ་འདེད་བཏང་བ།

གྲོང་གསེབ་ཡུལ་སྐོར་ནི་ཞིང་འབྲོག་མང་ཚོགས་གཉེར་སྐྱོང་གི་བྱེད་པོ་གཙོ་བོར་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ཆོས་ཉམས་ལེན་ལྟེ་བར་བྱེད་པ། གྲོང་ཁྱེར་གྱི་གྲོང་མི་དམིགས་ཚད་ཚོཌ་སྤྱིར་བྱེད་པའི་སྤྲོ་གསེང་ཡུལ་སྐོར་གྱི་རྣམ་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོཌ་སུ་དང་གྲོང་གསེབ་ཁུལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་ཡུལ་སྐོར་འདི་ཉིད་དར་སྲོལ་ཞིག་ཏུ་གྱུར་ཏེ། སྤྲོ་གསེང་ཞིང་གྲོང་དང་། འཐུ་བསྡུའི་རྟེན་གཞི། ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་སོགས་འཕེལ་རྒྱས་ཕྱིན་པས་ཁུལ་ཁོངས་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་ཟམ་མི་ཆད་པར་བསྣན་པ་རེད།

འདི་ལོའི་ཟླ་6པར་གྲ་ནང་རྫོང་མཆིམས་ཕུ་ཞིང་ལས་གླིང་གིས་དེང་རབས་ལྗང་མདོག་ཞིང་ལས་རྟེན་གཞིར་བྱས་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་ཞིང་། ལྷོ་ཁ་དང་། ལྷ་ས། ཐ་ན་ལྗོངས་ཕྱིའི་ཡུལ་སྐོར་བའང་གཅིག་རྗེས་གཉིས་མཐུད་ཀྱིས་མུའུ་བརྒྱའི་མེ་ཏོག་གླིང་དུ་ལྟ་སྐོར་དང་། ས་མཐོའི་སེའུ་དམར་ཆུང་འཐུ་བ། གྲོང་གསེབ་ཀྱི་ལུས་གསོའི་སྒྲིག་ཆས་ཉམས་ལེན་བཅས་བྱེད་པར་སླེབས་ཏེ་སྐབས་ཤིག་རིང་མཆིམས་ཕུ་ཞིང་ལས་གླིང་འདི་ཉིད་གཟའ་མཇུག་གི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། གླིང་དེའི་འགན་འཁུར་བ་ཀན་ཅན་མིང་གིས“ང་ཚོའི་གླིང་དུ་དེང་རབས་དྲོད་ཁང་གི་ཚན་རྩལ་ལ་བརྟེན་ནས་ཤིང་འབྲས་དང་། སྔོ་ཚལ། མེ་ཏོག་བཅས་བཏབ་པ་མ་ཟད། ད་དུང་མེ་ཏོག་ལྡུམ་རའི་ཀོག་ཧྥེ་ཁང་དང་། ཨར་ཁང་། བྱིས་པའི་སྤྲོ་སྐྱིད་གླིང་། ཚ་གྲང་སྙོམས་པའི་ཆུ་རྐྱལ་ཁང་སོགས་ཀྱི་སྒྲིག་ཆས་ཆ་ཚང་པོ་ཡོད་པས་དབྱར་ཁ་ཡུལ་སྐོར་བ་མང་པོ་ཡོང་གི་འདུག”ཅེས་བཤད། དེས་མ་ཚད་མཆིམས་ཕུ་ཞིང་ལས་གླིང་གིས་ས་ཞིང་བརྒྱུད་བཤུག་བཏང་བ་བརྒྱུད། ཡར་ཀླུང་གཙང་པོའི་འགྲམ་གྱི་བྱེ་ཐང་དུ་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བའི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་བསྐྲུན་ཏེ། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་150དང་སློབ་གྲྭ་ཆེ་མོ་བ་20ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་བྱུང་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་པ་རེད།

རིག་གནས་ཡུལ་སྐོར་གྱི་སྤུས་ཚད་ལེགས་སུ་བཏང་སྟེ་དམངས་སྲོལ་ཁྱད་ཆོས་རྒྱུན་འཛིན་བྱས་པ།

ཅི་ལིན་ཞིང་ཆེན་གྱི་ཡུལ་སྐོར་བ་ཡུས་དབྱང་འཕྱོངས་རྒྱས་རྫོང་དུ་ཡུལ་སྐོར་དུ་བསྐྱོད་རྗེས། “ཞིམ་མངར་གྱི་ནས་ཆང་དང་ལྷ་མོའི་འཁྲབ་སྟོན་ངོ་མཚར་ཆེ་བས་ད་ཐེངས་ཀྱི་ཡུལ་སྐོར་དངོས་འབྲེལ་དོན་སྙིང་ལྡན་པ་ཞིག་བྱུང”ཞེས་མྱོང་ཚོར་ཟབ་མོས་བཤད། ཟླ་3པར་ཆང་ཁྱིམ་གྲོང་ཚོར་འདི་ལོའི་ཁག་དང་པོའི་ཡུལ་སྐོར་བ་142འབྱོར་ཞིང་། ཡུལ་སྐོར་བ་ཚོས་ས་གནས་དེ་གའི་ཆང་ཁྱིམ་ནས་ཆང་གི་བྲོ་བ་མྱངས་པ་དང་། “བཙན་པོའི་བང་སོའི”ལོ་རྒྱུས་ཤེས་རྟོགས། འཇུ་བྲོ་སོགས་མངོན་མིན་རིག་གནས་ཀྱི་འཁྲབ་སྟོན་མྱོང་རོལ་བཅས་བྱས་ཏེ་དམངས་སྲོལ་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་གནས་ཡུལ་སྐོར་བྱས་པ་རེད།

འཕྱོངས་རྒྱས་རྫོང་གི་འཁྲུག་ཆ་དོད་པའི་རིག་གནས་ཡུལ་སྐོར་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་མཚོན་བྱེད་ལྟ་བུ་ཡིན་ཞིང་། ལྷོ་ཁ་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་14དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་16 དེ་བཞིན་ལེཌ་པོ་རོང་དང་ཡུལ་སྨད་ཤང་སོཌ་གསར་བརྗེའི་རིག་གནས་ཡུལ་སྐོར་བྱ་ཡུལ་མང་པོ་ཡོད་པ་དེ་དག་མཚན་གུང་གི་སྐར་ཚོགས་ལྟར་ཡར་ཀླུང་གི་ས་གཞི་ཆེ་མོར་འཕྲོ་བཞིན་ཡོད། རིག་གནས་ཀྱི་མེ་ཏོག་མི་ཉམས་རྒྱུན་བཞད་ཐུབ་པ་དང་རིག་གནས་ཤུལ་བཞག་གི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་རིན་ཐང་སྔར་བས་ཆེ་བ་འདོན་ཆེད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྲུང་སྐྱོང་བྱེད་རིང་གསར་སྤེལ་དང་གསར་སྤེལ་བྱེད་རིང་རྒྱུན་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཡུལ་སྐོར་རྣམ་གྲངས་ལུགས་མཐུན་ངང་བསྐྲུན་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ་རང་བྱུང་ཁམས་ཀྱི་མཛེས་ཉམས་ལོངས་སུ་སྤྱད་པ།

ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ལས་རིགས་ཁྲོད་རང་བྱུང་ཁམས་སུ་བསྐྱོད་པའི་སྐྱེ་ཁམས་ཡུལ་སྐོར་བྱེད་སྟངས་ཤིག་དར་ཏེ། མི་མང་པོ་ཞིག་གིས་རི་ཁུལ་དང་ནགས་ཚལ་དུ་བསྐྱོད་ནས་རང་བྱུང་ཁམས་ཆེ་མོ་མྱོང་རོལ་གྱིས་རང་བྱུང་ཁམས་ཆེ་མོས་མི་རྣམས་ལ་སྦྱིན་པའི་སྤྲོ་སྣང་ལོངས་སྤྱོད་བྱེད་ཀྱི་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོད་ལ་གང་སར་རི་མཐོ་དང་ཆུ་བོ་ཡོད་པས་སྐྱེ་ཁམས་ཡུལ་སྐོར་གྱི་ལེགས་ཆ་ཆེན་པོ་ལྡན་ཡོད། མཚོ་སྣ་རྫོང་ལེགས་པོ་རོང་ནི་ལྷོ་ཁ་གྲོང་ཁྱེར་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་མཁན་གྱི་སྔོན་སྐྱོད་པ་དང་སྣེ་ཁྲིད་པ་ཞིག་རེད། ལེགས་པོ་རོང་གི་ས་བབ་ཅུང་དམའ་བ་དང་། ལོ་གཅིག་དུས་བཞི་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་སྨུག་པ་ལང་ལོང་དུ་འཕྱུར་བ། སྤྱང་ཚང་གྲོག་རོང་དང་། གངས་ཆེན་རྦབ་ཆུ། སྲིན་མོ་བྲག་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད་པས་རང་བྱུང་གི་གསོ་རླུང་ར་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་མཛེས་ལྗོངས་མྱོང་རོལ་བྱེད་པར་ཡོང་གི་ཡོད་པས། ས་གནས་དེ་གའི་མོན་པ་རིགས་ཀྱི་མང་ཚོགས་ཚོས་ཡུལ་སྐོར་ལ་བརྟེན་ནས་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། སླད་མོན་པ་མི་རིགས་ཤང་དུ་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་པའི་དོན་གྲུབ་ཀྱིས“ཡུལ་སྐོར་བ་མང་པོ་ཞིག་གིས་ང་ཚོའི་སྐྱེ་ཁམས་ཁོར་ཡུག་ལ་དམིགས་ནས་ཡོང་གི་ཡོད་པས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ང་ཚོའི་ཁྱིམ་ཚང་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་8བྱུང”ཞེས་བཤད།

ལྷོ་ཁའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་འགྲོ་བའི་རྨང་གཞི་ནི་ཁུལ་ཁོངས་ནང་གི་སྣ་མང་ཕུན་སུམ་ཚོགས་ལ་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་ཡིན་པ་དང་། གཙོ་གནད་ནི་ལྷ་ས་གྲོང་ཁྱེར་དང་མཉམ་འགུལ་གང་ལེགས་ཐུབ་པ་བྱེད་རྒྱུ་དེ་རེད། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བསྡུ་འགྲེམས་ཁུལ་ཆེ་ཤོས་དང་འགྲུལ་ཁུངས་མང་ཤོས་ཡིན་པའི་ལྟེ་བའི་གྲོང་ཁྱེར་ལྷ་སའི་ནུས་པ་གང་ལེགས་སྤྱོད་པའི་འགག་རྩ་སྟེ་ལྷ་ཉིང་ལྕགས་ལམ་དང་། རྩེད་གོང་རིམ་མཐོའི་གཞུང་ལམ། གོང་དཀར་གནམ་ཐང་བཅས་ཚུད་པའི་ཕྱོགས་བསྡུས་མྱུར་བགྲོད་འགྲིམ་འགྲུལ་དྲ་བ་ཡག་པོ་བཙུགས་ནས“རྒྱང་སྒྲོལ”གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ་ཡུལ་སྐོར་བ་ལྷོ་ཁར་གདན་འདྲེན་ཞུ་བ་དང་ལྷོ་ཁ་མྱོང་རོལ་གང་ལེགས་ཐུབ་པ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།