ཉེ་བའི་ལོ་ལྔའི་རིང་བོད་ལྗོངས་ཀྱིས་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་ཆིག་སྟོང་བརྒལ་བས་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ཁྲལ་རིན་གཉིས་གཅོག་གི་གཞི་ཁྱོན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1058.96ཟིན་པ་དང་། ཁྲལ་རིན་གཉིས་གཅོག་དངུལ་འབོར་གྱིས་དུས་མཚུངས་ཀྱི་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་ཡོང་འབབ་དངུལ་འབོར་གྱི་52%བཟུང་ནས་ཆག་ཡང་དང་རྩ་ཆག་གཏོང་ཚད་34%ཟིན་པ་དེས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་མ་ཟད། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཤུགས་ཀྱང་ཆེ་རུ་ཕྱིན་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།

ཁྲལ་བསྡུའི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པར་བརྟེན་བོད་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། 2021ལོའི་ལོ་སྟོད་བར་བོད་ཀྱི་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་བྱེད་པོ་ཁྲི་25.80ཟིན་པ་དེ་1994ལོར་ཁྲལ་བགོས་ལམ་ལུགས་སྒྱུར་བཅོས་བྱེད་སྐབས་ཀྱི་ལྡབ་12.23ཡིན་པ་རེད། ལྷག་པར་དུ་འདི་ལོའི་ལོ་སྟོད་དུ་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་1.65གསར་དུ་འཕར་བ་དང་ཆ་སྙོམས་ཉིན་རེར་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་བྱེད་པོ་དུད་ཚང་92གསར་དུ་འཕར་བས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་མགྱོགས་མྱུར་འཕེལ་ཡོད།

གནས་ཐང་འཕར་ཁྲལ་གྱི་འཕར་འབོར་ཁྲལ་སློག་གི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་གཉིས་པས་རང་འགུལ་ངང་ཁེ་ལས་ལ་གྲལ་བཤེར་བྱས་ནས་གནད་སྨིན་ཟུར་ཁྲིད་བྱས་ཏེ་ཁེ་ལས་ཀྱིས་སྲིད་ཇུས་ཤེས་རྟོགས་དེ་བས་ཡང་དག་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་འཕར་འབོར་ཁྲལ་སྒོར་དུང་ཕྱུར་7ལྷག་ཙམ་བསློགས་ཡོད། “ཁྲལ་དོན་སྡེ་ཚན་གྱི་ཟུར་ཁྲིད་འོག་ང་ཚོར་འཕར་འབོར་ཁྲལ་སློག་རག་པས་མ་དངུལ་ནང་གི་མ་གནས་བཟུང་ཚད་ཉུང་དུ་ཕྱིན་སོང་། ང་ཚོས་མ་དངུལ་དེ་ཐོན་སྐྱེད་གཉེར་སྐྱོང་ཞིབ་སྤེལ་དང་ལས་ཞུགས་མང་དུ་གཏོང་བ་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན”ཞེས་ཀུང་སིའི་ནོར་དོན་འགན་འཁུར་བས་བཤད།

ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་མུ་མཐུད་གསར་གཏོད་དང་སྒྱུར་བཅོས་བྱས་ཏེ་ཁྲལ་བསྡུའི་དམངས་ཕན་གྱི་བྱ་བ་དངོས་བསྒྲུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་བྱ་ཐབས་བཟང་པོ་འདོན་པ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པ། དབྱེ་ཞིབ་ནན་པོ་བྱེད་པ་སོགས་དོན་ཚན་3གྱི་བྱེད་ཐབས་9བཏོན་ནས་ཁྲལ་རིན་གཉིས་གཅོག་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གནས་ཐང་འཕར་ཁྲལ་ཁྲལ་བསྡུ་ཁྲལ་སློག་གི་སྲིད་ཇུས་ཀྱི་ཁྲལ་འཇལ་བའི་ཁྲལ་སློག་གི་འབྲེལ་ཡོད་དཔྱད་ཡིག་ཉུང་དུ་གཏོང་བ། ཐོ་འགོད་སྙན་སེང་བསྒྱུར་རྒྱུ་དང་དཔྱད་གཞིར་འཇོག་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད། ད་དུང་འཛིན་ཤོག་དང་ཁུ་བསྡུ་སོགས་དོན་ཚན་6གི་བྱེད་ཐབས་25བཏོན་ཡོད། ཁྲལ་སློག་གི་དམིགས་བསལ་ལས་སྒོ་ཕུད་ཁྲལ་སློག་གི་བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་ལག་བསྟར་བྱས་ཡོད། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་དང་ཁྲལ་འཇལ་མཁན་གཞན་དག་གི་ཁྲལ་དོན་ཐོ་ཁོངས་ནས་སུབ་པའི་སྤྱིར་བཏང་གི་བརྒྱུད་རིམ་གཉེར་བའི་དུས་ཆད་དེ་ལས་དུས་ཉིན་གྲངས་5བར་ཐུང་དུ་བཏང་ཡོད།

བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་ཀུའོ་ཧྲུན་མིང་གིས་2019ལོར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། 2020ལོར་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་7དང་རྣམ་གྲངས་28སྔ་རྗེས་སུ་བཏོན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོར་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཆེ་རུ་གཏོང་བ། དེ་བཞིན་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ་བཅས་ལ་རམ་འདེགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཐོན་ལས་གསུམ་པའི་ཁྲལ་འབབ་ཀྱིས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་དང་ཐོབ་ཁྲལ་དང་རྒྱུ་ནོར་གྱི་ཁྲལ་གྱིས་བཟུང་བའི་བསྡུར་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་མ་ཟད། ཁྲལ་བསྡུའི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཏེ་དཔལ་འབྱོར་འཕར་རྒྱུ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཐེབས་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།