2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་ནག་ཆུར་སྤེལ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ནག་ཆུ་གྲོང་ཁྱེར་ནག་ཆུ་ཐོག་བརྩེགས་ཁང་ཆེན་གྱི་ཐང་ཆེན་དུ་འཚོགས་ཤིང་། བྱེད་སྒོ་དེ“ལོ་བརྒྱའི་རྗེས་སུ་སླར་ཡང་མདུན་སྐྱོད་བྱེད། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཕྱོགས་སུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་པའི་བྱེད་སྒོ་དེ་ཉིན་བདུན་བསྟུད་མར་སྤེལ་རྒྱུ་ཡིན་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་རང་སྐྱོང་ལྗོངས་གནམ་དཔྱད་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་དང་མཐུན་སྦྱོར་བྱས་ནས་སྐོར་སྐྱོད་ཚན་རྩལ་ཁང་གི་སྐོར་འགྲེམས་དང་། རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་མཐུན་སྦྱོར་བྱས་ནས་ཚན་རིག་ཁྱབ་གདལ་གྱི་ངོ་མཚར་ངོམས་ཞེས་པ་འཁྲབ་སྟོན། ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པ་དང་མཐུན་སྦྱོར་བྱས་ནས་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་ནག་ཆུ་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་20ཡིས་དྲིལ་བསྒྲགས་སློབ་གསོ་དང་། འོས་འགན་སྨན་བཅོས། གཉིས་གཏོད་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དེ་རྗེས་ནག་ཆུ་གྲོང་ཁྱེར་གྱིས་ད་དུང་སྡེ་ཁུལ་དང་སློབ་གྲྭར་ཚན་རིག་ཁྱབ་གདལ་གཏོང་བ་དང་ཞིང་འབྲོག་པར་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།