བོད་ཀྱི་གཙོ་གནད་རིག་དངོས་ཆེན་མོ་གསུམ་ཉམས་གསོ་སྲུང་སྐྱོང་ལས་གྲྭའི་ཡིག་ཚགས་རྩིས་སྤྲོད་མཛད་སྒོ་ལྷ་ས་ནས་སྤེལ།

3.jpg

4.jpg

5.jpg

པར་འདི་དག་ནི་རིགས་དངོས་ཆེན་པོ་གསུམ་གྱི་ཡིག་ཚགས་རྩིས་སྤྲོད་བྱེད་པའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན་གྱི་སྔ་དྲོར། བོད་ཀྱི་གཙོ་གནད་རིག་དངོས་ཆེན་མོ་གསུམ་ཉམས་གསོ་སྲུང་སྐྱོང་ལས་གྲྭ་སྟེ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག ས་སྐྱ་དགོན་པ་བཅས་ཀྱི་ཡིག་ཚགས་ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་དུ་རྩིས་སྤྲོད་བྱེད་པའི་མཛད་སྒོ་ལྷ་ས་ནས་སྤེལ།

ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག ས་སྐྱ་དགོན་པ་བཅས་བོད་ཀྱི་གཙོ་གནད་རིག་དངོས་ཆེན་མོ་གསུམ་ཉམས་གསོ་སྲུང་སྐྱོང་ལས་གྲྭ་དེ2002ལོའི་ཟླ6པར་ལས་མགོ་བརྩམས་པ་ནས་བཟུང་། དུས་ཡུན་ལོ10རིང་གི་ནན་ཏན་ལས་སྒྲུབ་བྱས་པ་བརྒྱུད་རིགས་ཆེན་པོ4ཡི་ལས་གྲྭ322ལག་བསྟར་དོན་འཁྱོལ་བྱུང་།

ཐེངས་འདིའི་གཙོ་གནད་རིག་དངོས་ཆེན་མོ་གསུམ་ཉམས་གསོ་སྲུང་སྐྱོང་ལས་གྲྭ་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར4.059བཏང་པའི་ཁྲོད་ཕོ་བྲང་པོ་ཏ་ལའི་རིམ་པ་གཉིས་པའི་ཉམས་གསོ་ཐད་སྒོར་དུང་ཕྱུར2.1308དང་། ནོར་བུ་གླིང་གའི་ཉམས་གསོ་ཐད་ཁྱོན་བསྡོམས་སྒོར་ཁྲི8532དང་། ས་སྐྱ་དགོན་པའི་ཉམས་གསོ་ཐད་ཁྱོན་བསྡོམས་སྒོར་ཁྲི9719བཅས་བཏང་ཡོད།

ལས་གྲྭ་ཡོངས་སུ་མཇུག་རྫོགས་རྗེས། ལས་གྲྭ་ཆེན་པོ་གསུམ་གྱི་གཞུང་སྒྲུབ་ཁང་གིས་མི4ཡི་མཇུག་བསྡུའི་ཚོགས་ཆུང་རྩ་འཛུགས་བྱས་ཏེ། མ་འཇོག་བསྡོམས་རྩིས་རྒྱག་པ་དང་། རྒྱུ་ཆ་ལེགས་སྒྲིག ཉམས་གསོའི་འགན་ལེན་བསྐྱར་ཞིབ། དཔེ་སྐྲུན་དངོས་ཕབ་སོགས་ཀྱི་ལས་འགན་ཁུར་བ་རེད། ཚོགས་ཆུང་དེས2013ལོ་ནས2016ལོ་བར་ལས་གྲྭའི་རྒྱུ་ཆ་ཁྲི་ཕྲག་ཙམ་ལ་ཕྱོགས་ཡོངས་ནས་དཀར་ཆག་དང་ཡིག་ཚགས་བཟོས་པ་དང་། 2017ལོ་ནས2020ལོ་བར་ཆེད་མཁས་ལས་དོན་མི་སྣ་རྩ་འཛུགས་བྱས་ཏེ་རྒྱུ་ཆ་དང་ཡིག་ཚགས་ལ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་། ལེགས་འདེམས། རྩོམ་སྒྲིག་བཅས་བརྒྱུད་དེ“ཉམས་གསོ་ལས་གྲྭའི་དངོས་ཟིན”དེབ་ནང་བཅུག་པ་རེད། 2020ལོའི་ཟླ9པར་དངོས་སུ་རྩོམ་སྒྲིག་བྱས་ནས2021ལོའི་ཟླ5པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་བྱས།

རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་ཡིག་ཚགས་དོ་དམ་གྱི་བླང་བྱ་ལྟར། ལས་གྲྭའི་མགོ་ཁྲིད་ཚོགས་ཆུང་གིས་ཐག་བཅད་པ་བརྒྱུད། ལེགས་སྒྲིག་དང་ཉར་ཚགས་བྱས་ཡོད་པའི་རིག་དངོས་ཆེན་མོ་གསུམ་སྐོར་གྱི་ཚད་ལྡན་ཡིག་ཆ་ཁྲི་ཕྲག་དང་ལས་གྲྭའི་ལག་རྩལ་རྒྱུ་ཆ་ཡོད་ཚད་ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་གིས་ཡུན་རིང་དུ་ཉར་ཚགས་བྱ་ཆེད་རྩིས་སྤྲོད་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།