རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕུགས་བསམ་དོན་གཉེར་བྱེད།

—— ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

“སྐུ་མགྲོན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་གི་འདུག མ་འོངས་གཟའ་འཁོར་གཅིག་རིང་གསོལ་མགྲོན་ཁང་གི་ཁང་པ་ཚང་མ་མངགས་ཚར་སོང”ཞེས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་རྒྱལ་ལམ་318ཉེ་འགྲམ་གྱི་བདེ་ཆེན་དབང་མོའི་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་བདེ་ཆེན་དབང་མོས་འཛུམ་དམུལ་དམུལ་ངང་བརྗོད།

“ཉིང་ཁྲིར་འགྱུར་ལྡོག་ཆེན་པོ་ཕྱིན་འདུག” ད་ཆ་ཉིང་ཁྲི་གྲོང་ཁུལ་གྱི་ཡུལ་སྐོར་སྒྲིག་བཀོད་ཆ་ཚང་པོ་འདུག རྫོང་དང་ཆུས་ཁག་ལ་སྐྱོད་སའི་གཞུང་ལམ་ཡང་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་དུས་ཚིགས་བཞིའི་མཛེས་ལྗོངས་མི་འདྲ་བ་མ་ཟད། ས་ཕྱོགས་རེ་ལ་ཁྱད་ཆོས་རེ་འདུག་ཅེས་ཀོང་ཏུང་གི་ཡུལ་སྐོར་བ་ལུང་ལགས་ཀྱིས་དེ་ལྟར་བརྗོད།

མཛེས་ལྗོངས་ལ་ལྟ་བ་དང་། ཞིམ་ཟས་མྱོང་རོལ་བྱེད་པ། དམངས་སྲོལ་ལུས་རྩལ་བྱེད་སྒོ་བཅས་ནས་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོ་བར་དང་། དེ་ནས་ཉིང་ཁྲིའི་མཛེས་རྩལ་ཁང་སྒོ་ཕྱེ་བ་དང་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པའི་བར་འཁྲུག་ཆ་དོད་པའི་རིམ་སྤེལ་བྱེད་སྒོ་ལས་ས་གནས་དེ་གའི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་བཅས་ཀྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་སོང་བ་མཚོན་ཐུབ།

མང་ཚོགས་ཡུལ་སྐོར་ལས་ལ་གཞོལ་བ།

ཞོགས་པའི་ཆུ་ཚོད་6པ་ཙམ་ནས་སྨོན་ལམ་དབྱངས་ཅན་མལ་ལས་ལངས་ཏེ། ཁྱིམ་ཚང་མགྲོན་ཁང་གི་འགྲུལ་པ་ཚོར་ཞོགས་ཟས་བཟོ་བ་དང་འགྲུལ་ཁང་གི་གཙང་སྦྲའི་ལས་ལ་གཞོལ་འགོ་ཚུགས།

ཁོང་ཁྱིམ་གྱི་མགྲོན་ཁང་དེ་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཆུང་ངུར་ཡོད། ཉིང་ཁྲི་གྲོང་ཁུལ་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ཙམ་སོང་རྗེས་ས་བབ་མཐོ་ཚད་སྨི་4700ཟིན་པའི་གསེར་སྐྱེམས་ལ་བརྒྱབ་ན། གཞི་ནས་ཀླུ་ནང་དུ་སླེབས་ཀྱི་ཡོད། དེ་གར་གདོད་མའི་ནགས་ཚལ་དང་། གངས་རི། འཁྱགས་རོམ། གྲོག་རོང་སོགས་ཀྱིས་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་གྲུབ་ཡོད།

2017ལོའི་ཟླ་3པར། རིམ་སྤོར་བྱས་པའི་ཀླུ་ནང་གྲོང་རྡལ་ཆུང་ངུ་དངོས་སུ་སྒོ་ཕྱེ་ཞིང་། གྲོང་ཚོ་ཁག་ལ་སྐྱོད་པའི་ཨར་འདམ་གཞུང་ལམ་བསྐྲུན་ཟིན་པ་དང་། སྐར་ལྔ་རིམ་པའི་གསོལ་མགྲོན་ཁང་བཅའ་བཞུགས་བྱས་པ། གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་རིམ་སྤོར་བྱས་པས་2018ལོར་ཀླུ་ནང་གྲོང་རྡལ་ཆུང་ངུ་འདི་ཉིད་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་རིམ་སྤོར་ཐུབ་ཡོད། ནེའུ་གསེང་དང་། རྒྱུག་ཆུ། སྐར་ལྔ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གསོལ་མགྲོན་ཁང་། འཛད་སྤྱོད་རིན་གོང་འཚམ་པོ་ཡོད་པའི་བོད་ཁྱིམ་མགྲོན་ཁང་བཅས་གཅིག་རྒྱན་གཅིག་གིས་སྤྲས།

ཀླུ་ནང་གྲོང་རྡལ་ཆུང་ངུ་བསྐྲུན་ཟིན་པ་དང་བསྟུན་ནས་སྨོན་ལམ་དབྱངས་ཅན་གྱི་ཁྱིམ་ཚང་མགྲོན་ཁང་ལྟ་བུ་ཇེ་མང་དུ་ཕྱིན་ཡོད། ས་གནས་དེ་གའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆེར་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་རིག་ལྡན་གསོལ་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་སོགས་ཀྱི་ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“དུས་ཆེན་གཉིས་ཀྱི་ཐོག་དུས་ཚིགས་གཅིག་བསྣན་པའི”བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་པས། 2019ལོ་ཁོ་ནར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་860ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་72བྱུང་ཡོད། ད་ཆ་ཉིང་ཁྲིར་5Aརིམ་པའི་མཛེས་ལྗོངས་ཁུལ་2དང་། 4Aརིམ་པའི་མཛེས་ལྗོངས་ཁུལ་6 3Aརིམ་པའི་མཛེས་ལྗོངས་ཁུལ་3ཡོད་པས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་བཏོད་དེ། “མི་ཡུལ་གྱི་དག་ཞིང་། མཛེས་པའི་ཉིང་ཁྲིའི”མཚན་སྙན་ཆེ་རུ་ཕྱིན་ནས་ཚང་མས་དགའ་པོ་བྱེད་པའི་སྐྱེ་ཁམས་ཡུལ་སྐོར་དམིགས་སར་གྱུར།

ཁྱད་ལྡན་ཐོན་ལས་སླར་ཡང་རིམ་སྤོར་བྱས་པ།

མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་ནས་སྤྱི་ལེ་ཁ་ཤས་ཡོད་པའི་ལྷ་གུང་ཇ་ར་དང་ཡུག་འབྲེལ་ཇ་ཞིང་ནས་ཇ་མྱུག་གསར་པ་འབུད། ལོ་16ལ་སླེབས་པའི་མོན་པ་རིགས་ཀྱི་བུ་མོ་བསམ་སྐྱིད་གཡུ་སྒྲོན་གྱིས་ནང་མི་དང་མཉམ་དུ་ཇ་ཞིང་ནང་ཇ་ལོ་གསར་པ་འཐོག་བཞིན་མཆིས།

བསམ་སྐྱིད་གཡུ་སྒྲོན་གྱི་ཨ་མ་བསམ་སྐྱིད་དོན་གྲུབ་ནི་མེ་ཏོག་རྫོང་གི་ཇ་འདེབས་ཞིང་པ་སྔ་ཤོས་ཀྱི་གྲས་རེད། 2012ལོ་ནས་བཟུང་། མེ་ཏོག་རྫོང་གིས་ཇ་ཞིང་འདེབས་འཛུགས་ཁྱབ་གདལ་བཏང་བ་དང་ཁོང་ཚོའི་ཁྱིམ་ལ་ཇ་ལོ་ཁོ་ན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་རག་གི་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་སྐུལ་ཁྲིད་འོག ལ་ཡོད་གྲོང་ཚོའི“འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཇ་ཞིང”བསྐྲུན་པ་དང་། མེ་ཏོག་རྫོང་གིས་མུའུ་2000ཟིན་པའི“ཀོང་ཏུང་ཇ་ཞིང”བསྐྲུན་པ། ཡིད་འོང་གིས་རྒྱ་ཁྱོན་མུའུ་30ཟིན་པ་དང་སྤྱིའི་ཐོན་འབབ་གཞི་ཁྱོན་རྐང་ཁྲི་45ཟིན་པའི་སྡོང་ཕྲུག་སྐྱེད་སྲིང་རྟེན་གཞི་བསྐྲུན་ཡོད། ད་ཆ་ཇ་ལོ་དེ་ས་གནས་དེ་གའི་མི་རྣམས་ཀྱི“གསེར་ལོ”ལྟ་བུར་གྱུར།

ད་ཆ་ཉིང་ཁྲིས་ཤིང་འབྲས་སྡོང་པོ་མུའུ་ཁྲི་27.7དང་། སྔོ་ཚལ་འདེབས་འཛུགས་མུའུ་ཁྲི་4.1 ཇ་ཤིང་འདེབས་འཛུགས་མུའུ་ཁྲི་7 བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་མུའུ་ཁྲི་1.5བྱས་ནས་ལྗོངས་ཡོངས་ཀྱི་སྤུས་ལེགས་ཤིང་འབྲས་ཐོན་ལས་ཁུལ་དང་། སྔོ་ཚལ་འདེབས་འཛུགས་རྟེན་གཞི། ས་མཐོའི་ཧྥུའུ་དམའ་བའི་ཇ་ཐོན་སྐྱེད་རྟེན་གཞི། “ས་མཐོའི་ཇ་ལོའི་ཡུལ” དེ་བཞིན་བོད་ལུགས་དང་ཀྲུང་ལུགས་ཀྱི་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་གལ་ཆེན། བོད་ལུགས་དང་ཀྲུང་ལུགས་ཀྱི་གསོ་རིག་སྨན་རྫས་ཐོན་ལས་རྟེན་གཞི་གལ་ཆེན་བཅས་ལ་གྱུར་ཡོད། བོད་ཕག་མགོ་གྲངས་ཁྲི་60གསོ་ཚགས་བྱས་ཏེ“རྒྱལ་ཡོངས་ཀྱི་བོད་ཕག་ཐོན་ཁུལ”ལ་དཔྱད་འདེམས་བྱས་ཡོད།

འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་བ།

ཉིང་ཁྲི་གྲོང་ཁྱེར་མཚོ་མོ་སྐྱིད་རིའི་འགྲམ་དུ་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་ཡོད། གྲོང་ཚོའི་ནང་གི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་བཟོའི་ཁང་པ་གཙང་ཞིང་གྲལ་སྒྲིག་ལ། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་རེ་རེ་དུད་ཁྱིམ་ཁག་གི་སྒོ་རྩ་བར་བསྐྲུན་པ་དང་། གྲོང་མི་ཕན་ཚུན་གཅིག་རོགས་གཅིག་བརྟེན་བྱས་ནས་མཐུན་སྒྲིལ་ཡག་པོ་ཡོད། ཡུལ་འདི་ནི་ཉེ་རིང་མེད་པར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ་ཐང་སྟེང་གྲོང་ཚོ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཐང་སྟེང་གྲོང་ཚོས་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་ཞིག་བསུས་པ་སྟེ། ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་པིང་ཧུའུ་ཞིང་ཞོར་ཐོན་རྫས་ཕྱོགས་བསྡུས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མིག་སྔར་མཉམ་ལས་ཁང་ལ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་900ལྷག་ཙམ་ཡོད་པ་དང་ལོར་ཡོང་འབབ་སྒོར་ཁྲི་40རག་གི་ཡོད། ཉེ་བའི་ལོ་ཤས་རིང་། པད་ཁའི་ལས་སྣོན་བཟོ་གྲྭ་དང་། བོད་བྱ་གསོ་ཚགས་རྟེན་གཞི། སྐྱེ་ཁམས་ཡུལ་སྐོར་གླིང་། ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་སོགས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་དང་། “ཀྲི་པུའུ+མཐུན་ཚོགས+ཞིང་དུད”ཀྱི་ཐོན་ལས་འཕེལ་རྒྱས་བྱེད་སྟངས་རགས་ཙམ་གྲུབ་ཡོད། 2020ལོར་ཐང་སྟེང་གྲོང་ཚོའི་དཔལ་འབྱོར་གྱི་སྤྱི་འབོར་སྒོར་ཁྲི་900ལས་བརྒལ་ཏེ་གྲོང་མིའི་ཁྱིམ་ཚང་གི་ཡོང་འབབ་ལོ་རེ་བཞིན་མང་དུ་སོང་བས། ཚང་མའི་བདེ་སྐྱིད་སྟོན་གྲངས་རིམ་བཞིན་འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།