སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་ཟླ8པའི་ཚེས27དང28ཉིན་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་བརྙན་འཕྲིན་དང་། ཚགས་པར། དྲ་རྒྱ་སོགས་ནས་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཚང་མས་ངེས་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་མི་རིགས་ཀྱི་གནད་དོན་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་འཁུར་བ། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

“ངས་ལག་ཐོགས་ཁ་པར་ནས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་སྐོར་གྱི་གསར་འགྱུར་ནན་ཏན་བཀླགས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུའི་ཐོག་མི་རིགས་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་སྡོད་མལ་ལ་འཚམ་པ་དང་བྱ་གཞག་གཉེར་རྒྱུར་འཚམ་པ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། དེ་ལས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གཟབ་བཞེས་ཚོར་བྱུང་བས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཏེང་པ་གྲོང་གསར་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཅིན་ཞ་ཡིས་དགའ་ཚོར་ཆེན་པོས་བཤད། ཁོང་གིས“དེ་སྔ་ང་ཚོ་ཏེང་པའི་འཚོ་བའི་ཆུ་ཚད་ཧ་ཅང་རྗེས་ལུས་ཐེབས་ཡོད། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ད་ཆ་གྲོང་ཚོས་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་སྤྲེལ་ཁམ་འདེབས་འཛུགས་བྱས་ཏེ་འབྱོར་འབྲིང་ལམ་དུ་སྐྱོད་བཞིན་ཡོད། ད་ཆ་དངུལ་བུན་གཡར་ནས་ཚོང་རྒྱག་པ་དང་། ཇ་ཞིང་གཉེར་སྐྱོང་། སྤྲེལ་ཁམ་འདེབས་འཛུགས་བཅས་བྱེད་མཁན་གྲོང་མི་ཇེ་མང་དུ་འགྲོ་ཡི་ཡོད་ལ་སྤྱི་ཡོངས་སྔ་ས་ནས་དབུལ་པོ་ལས་བསྒྲལ་ཡོད། ད་ཆ་ང་ཚོའི་སྡོད་ཁང་ཡངས་ཤིང་སྐྱིད་ལ་སྒོ་རའི་ནང་རང་འགྲིག་འཁྲུད་ཁང་ཡང་ཡོད་པ་དང་སོ་སོའི་ཐོན་ལས་ཀྱང་ཡོད་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བཀོད་པ་ལེགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་མདའ་མོ་གྲོང་ཚོའི་གྲོང་མིའི་བསམ་འདུན་མཚོན་ཡོད། མདའ་མོ་གྲོང་ཚོར་ད་ཆ་མི་རིགས་ཕན་ཚུན་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་24ཡོད་ཅིང་། མི་རིགས་ཁག་དབར་ཕན་ཚུན་རོགས་རེས་དང་ཁྱིམ་མཚེས་འཆམ་མཐུན་ཡོད་པ་མ་ཟད། མཉམ་དུ་དམངས་སྲོལ་ལག་ཤེས་བཟོ་རྩལ་དང་། ངལ་ནུས་ཕྱིར་གཏོང་། མཐའ་མཚམས་ཚོང་དོན། ནགས་ཁྲོད་ཐོན་ཁུངས་འཐུ་ཚོང་སོགས་ལ་གཞོལ་ནས་གང་སར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་པ་དང་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ས་ཐིག་གི་རབ་ཏུ་བཀྲ་བའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། མདའ་མོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཀྱིས“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོར་འཚོ་བ་སྐྱིད་པོ་རིམ་བཞིན་སྐྱེལ་རྒྱུ་བྱུང་སོང་། གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གོ་སྐབས་སུ་བཟུང་ནས་རྨང་གཞིའི་སྒྲིག་བཀོད་སྔར་བས་སྐྲུན་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་བ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱས་ཏེ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན”ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ཁག་ལ་རྒྱལ་གཅེས་རིང་ལུཌ་ཀྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད། ཧི་མ་ལ་ཡ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་མཚོ་སྣ་རྫོང་ལེགས་པོ་རོང་དུ། མོན་པ་རིཌ་དང་། བོད་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་མཉམ་དུ་འཚོ་བ་སྐྱེལ་བ་དང་སྔ་བར་ཕྱི་གསུམ་དུ་འཆམ་མཐུན་མཉམ་གནས་དང་། ལྟ་རེས་སྐྱོང་རེས། ཐུན་མོང་ཐོག་མཐའ་སྲུང་བཅས་བྱས་ཏེ་ལེགས་པོ་རོང་དེ་ཉིད་མཐའ་མཚམས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་བསྐྲུན་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་སྲུང་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད། ཟླ་བ་ཚེ་རིང་གི་ནང་མི་བཞི་པོ་ནི་མཚོ་སྣ་རྫོང་ཆུ་དྲོ་མོ་ཤང་ནས་ལེགས་པོ་རོང་མག་མག་མོན་པ་མི་རིགས་ཤང་དུ་གནས་སྤོས་པའི“མག་མག་པ་གསར་པ”ཡིན་ཞིང་། ཁོང་གིས“འདི་གར་རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ་ཁོར་ཡུག་མཛེས་པ་དང་མཐའ་འཁོར་གྱི་མོན་པའི་ཁྱིམ་མཚེས་ཀྱང་སེམས་རྩ་ཧ་ཅང་འཁོལ་པོ་འདུག ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་རོགས་བྱས་པས་ང་ཚོའི་ཁྱིམ་ལ་གཏོགས་སེམས་ཆེན་པོ་འདུག སླད་ཕྱིན་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཀྱི་ཡིན”ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།