མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་སྒྲིལ་གླེང་། (སྨད་ཆ)

ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་མཉམ་འདྲེས་ཀྱིས་སྣ་མང་གཞི་གཅིག་ཏུ་འདུས་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤིག་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་དང་། འཕེལ་རྒྱས། སྲ་བརྟན། གཅིག་གྱུར་བཅས་ཀྱི་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཤིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཁག་མཐུན་སྒྲིལ་མཉམ་འདྲེས་བྱུང་བ་དང་སྣ་མང་གཞི་གཅིག་ཏུ་འདུས་ཐུབ་པ་དེ་མི་རིགས་ཁག་གི་རིག་གནས་ཐད་མཉམ་སྡུད་མཉམ་གསོག་དང་། དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས། བརྩེ་དུང་ཐད་ཕན་ཚུན་སྙིང་ཉེ་བཅས་ལས་བྱུང་བ་དང་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དོན་གཉེར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ལས་བྱུང་བ་རེད། དེ་ལྟར་ཡིན་པའི་དབང་གིས་ཀྲུང་ཧྭའི་ཤེས་དཔལ་ལ་ད་གཟོད་འགྲན་ཟླ་བྲལ་བའི་བསྟུན་མཁས་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ལྡན་པ་དང་། གཞི་ནས་ཡུན་རིང་གནས་ཐུབ་ལ་རྩ་བ་ཟབ་ཅིང་ལོ་འདབ་རྒྱས་ཐུབ་ཡོད”ཅེས་གསུངས་ཡོད།

2014ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས“ནང་སོག་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལྟ་སྲུང་རོགས་རེས་བྱ་རྒྱུའི་རེ་བ་ཡོད། སྲུང་ཞེས་པ་ནི་རང་གི་ཁྱིམ་གཞིས་ཡག་པོ་སྲུང་དགོས་པ་དང་། མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་དགོས་པ། ནང་སོག་གི་གྲངས་ཉུང་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་བསམ་པའི་ཁྱིམ་གཞིས་ཡག་པོ་སྲུང་དགོས་པ་བཅས་ཡིན། ལྟ་ཞེས་པ་ནི་མཐོ་སར་འཛེགས་ནས་ཐག་རིང་ལ་ལྟ་བའི་ཐོག་ནས་བྱ་གཞག་འཆར་འགོད་དང་འཕེལ་རྒྱས་དོན་གཉེར་བྱེད་སྐབས་ས་གནས་དེ་རང་དང་། རང་བྱུང་ཆ་རྐྱེན་གྱི་ཚད་བཀག ནང་སོག་བཅས་ལས་བསྒྲལ་ཏེ་འཛམ་གླིང་ལ་ལྟ་བའི་མིག་རྒྱང་རིང་པོ་ལྡན་པ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ལྡན་པ་ཞིག་བྱེད་དགོས་པ་དེ་ཡིན། རོགས་རེས་ཞེས་པ་ནི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་ཏེ་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་བྱེད་དགོས་པ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པ་དེ་ཡིན”ཞེས་གསུངས་ཡོད།

2014ལོའི་ཟླ་5ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག“མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྣམ་པ་སྣ་ཚོགས་ཀྱི་མཉམ་གཏོད་ལས་དོན་བཀོད་སྒྲིག་དང་སྤེལ་བ། ‘སྐད་གཉིས’ཀྱི་སློབ་གསོར་སྐུལ་འདེད་གཏོང་བ། མི་རིགས་ཁག་ཕན་ཚུན་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་སྐུལ་མ་གཏོང་བ། ཤིན་ཅང་གི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ནང་སར་སློབ་གསོ་དང་ལེན་དང་། ལས་ཞུགས། འཚོ་སྡོད་བཅས་ཀྱི་གཞི་ཁྱོན་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཐོན་སྐྱེད་དང་འཚོ་བ་དང་། ལས་ཀ་དང་སློབ་སྦྱོང་ཁྲོད་དུ་རྒྱུས་མངའ་ཟབ་ཏུ་དང་བརྩེ་དུང་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

2014ལོའི་ཟླ་9ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག“རང་རྒྱལ་གྱི་མི་རིགས་འབྲེལ་བའི་གཙོ་རྒྱུན་ལ་ངོས་འཛིན་ཡང་དག་བྱེད་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཕན་ཚུན་ཁ་འབྲལ་ཐབས་མེད། འདི་ནི་རང་རྒྱལ་གྱི་མི་རིགས་འབྲེལ་བའི་མཚོན་ཚུལ་དངོས་ཡིན”ཞེས་དང་། “དོན་དངོས་དང་གནས་ལུགས་བཤད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གཙོ་རྒྱུན་ལ་མང་ཙམ་ལྟ་བ་དང་མི་རིགས་མཐུན་སྒྲིལ་གྱི་འོད་སྟོང་འཕྲོ་བའི་རྣམ་པར་མང་ཙམ་ལྟ་རྒྱུར་ཁྲིད་སྟོན་བྱེད་དགོས། དུས་མཚུངས་སུ་གནས་ཚུལ་གསར་པ་དང་འགྲན་སློང་གསར་པར་ལྟ་སྟངས་ཡང་དག་འཛིན་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་རྒྱ་རིགས་ཆེན་པོ་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཐུན་མོང་གི་རྩ་འཛིན་ནས་ད་ལྟའི་རྩ་ཁྲིམས་བར་ཚང་མའི་ནང‘རིང་ལུཌ་གཉིས’ལ་ངོ་རྒོལ་བྱེད་དགོས་པའི་གནད་དོན་ཐད་གཏན་འབེབས་བྱས་ཡོད། རྒྱ་རིགས་ཆེན་པོའི་རིང་ལུགས་ལག་ལེན་བསྟར་ན་མི་འགྲིག་ལ། གུ་དོག་པའི་མི་རིགས་རིང་ལུགས་ལག་ལེན་བསྟར་ནའང་མི་འགྲིག དེ་ཚོ་ཚང་མ་མི་རིགས་མཐུན་སྒྲིལ་གྱི་དགྲ་བོ་ཆེན་པོ་རེད”ཅེས་དང་། “ཚང་མས་ཕྱོགས་ལྷུང་གི་བསམ་བློ་དོར་ནས་གཞི་གཅིག་ཏུ་འདུས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རང་རྟོགས་ངང་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་འདི་ཉིད་མི་རིགས་ཁག་ས་ཁོངས་བསྒྲལ་ནས་འགྲོ་སྐྱོད་མང་བའི་དུས་སྐབས་འཁྲུག་པོ་ཞིག་ཏུ་སླེབས་ནས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གཞི་ཁྱོན་ཆེན་པོས་ཤར་རྒྱུད་དང་ནང་སའི་གྲོང་ཁྱེར་དུ་བསྐྱོད་ཡོད། ནང་སའི་མི་འབོར་ཡང་མི་རིགས་ས་ཁུལ་དང་མི་རིགས་མི་འདྲ་བའི་བར་གཞི་ཁྱོན་ཆེན་པོས་འགྲོ་སྐྱོད་བྱེད་བཞིན་ཡོད། རྒྱལ་ཡོངས་སུ་ཕྱོགས་མི་དུང་ཕྱུར་གཉིས་ལྷག་ཙམ་ཡོད་པའི་ནང་ནས་གྲངས་ཉུང་མི་རིགས་ཀྱིས་བཅུ་ཆ་གཅིག་བཟུང་ཡོད། ཤར་རྒྱུད་གྲོང་ཁྱེར་དུ་སྣང་ཚུལ་འདི་ཧ་ཅང་མངོན་གསལ་དོད་པོ་ཡོད། མི་སེར་ཚོས་སི་ཁྲོན་གྱི་ཁ་ཚ་ལྕེ་སྦིར་གྱི་ཟས་རིགས་མཐའ་མཚམས་སུ་ཁྱབ་པ་དང་ཤིན་ཅང་གི་ལུག་ཤ་སྲེག་རྒྱུས་རྒྱལ་ཡོངས་སུ་ཁྱབ་ཡོད་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་གསུངས་ཡོད།

གྲུའི་སྟོབས་ཤུགས་གྲུ་གཡོར་སྟེང་དུ་ཡོད། མིའི་སྟོབས་ཤུགས་མིའི་སེམས་སུ་ཡོད། མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ནི་སྙིང་གཏམ་ཤོད་རེས་ལ་ཐུག་ཡོད་པས། རང་སར་གཞན་འཇོག་དང་གཞན་སར་རང་སྡོད་ཀྱིས་གཅིག་སེམས་གཅིག་གཏད་བྱེད་དགོས།

2015ལོའི་ཟླ་9ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས“མི་རིགས་ཁག་གི་སྤུན་ཟླ་ཚོས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས། ཚང་མས་བྱ་སྤྱོད་སྤེལ་ནས་མཉམ་དུ་སྤེལ་རེས་དང་། གསོ་སྐྱོང་། འཆམ་མཐུན་བཅས་ཀྱི་ལས་དོན་སྒྲུབ་པ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་ལས། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་གཏོད་པ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཕུགས་འདུན་རླབས་པོ་ཆེའི་ཕྱོཌ་སུ་འབད་འཐབ་བྱེད་དགོས”ཞེས་གསུངས་ཡོད།

2016ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“རང་རེའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཁག་ནི་ཁྱིམ་ཚང་གཅིག་ལྟར་ཡིན། ཚང་མས་ཕན་ཚུན་འཆམ་མཐུན་དང་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

“ངེད་ཚོའི་ཤིན་ཅང་ནི་ས་ཆ་ཡག་པོ་ཞིག་རེད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཁུར་པན·ཐུའུ་ལུའུ་མུའུ་ནི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་ཕུལ་བྱུང་འཐུས་མི་ཞིག་རེད། ང་རང་ཆུང་དུས་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ཁོང་གི་གཏམ་རྒྱུད་མང་པོ་ཐོས་མྱོང་ཡོད། སེམས་འགུལ་ཆེན་པོ་ཐེབས་འོས་པ་ཞིག་འདུག”ཅེས་དང་། 2017ལོའི་ཟླ་1ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁུར་པན·ཐུའུ་ལུའུ་མུའུ་ཡི་བུ་མོ་རྒན་པ་ཐུའུ་ཧུའུ་ཐི་ཧན·ཁུར་པན་ལ་སྤྲིངས་པའི་འཕྲིན་ལན་ནང་། “ལོ་མང་རིང་། ཁྱེད་ཀྱིས་པ་ཕའི་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བརྩེ་སེམས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རབས་རྗེས་མ་དང་ཡུལ་མི་སྤུན་ཟླ་ཚོར་མིག་དཔེ་བཟང་པོ་བསྟན་ཡོད། ཁྱེད་ཚོ་ནང་མི་ཚང་མས་ཨ་ཁུ་ཁུར་པན་དང་འདྲ་བར་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོར་དགའ་ཞེན་བཅས་བྱེད་པའི་མིག་དཔེ་མུ་མཐུད་བསྟན་ཏེ་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་འགོ་ཁྲིད་འོག་ཐུན་མོང་ཐོག་ཤིན་ཅང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་གསུངས་ཡོད།

2019ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་གནང་སྐབས“སྡེ་ཁུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སྡེ་ཁུལ་དུ་ཁྱབ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྡེ་ཁུལ་འདི་ཉིད་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་སྐྱོང་བྱེད་པའི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་འགྱུར་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་སྐྲུན་དགོས”ཞེས་གསུངས་ཡོད།

2019ལོའི་ཟླ་9ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག“ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས”ཞེས་གསུངས་ཡོད།

2019ལོའི་ཟླ་9ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག“ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་ངོ་70ཡི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། མི་རིགས་ཁག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་སྔར་ན་བྱུང་མྱོང་མེད་པའི་འབྲེལ་འདྲིས་དམ་ཟབ་དང་གཏིང་ཟབ་བྱས་ཡོད། རང་རྒྱལ་གྱི་ཁ་ཐོར་ཤུགས་ཆེན་སྡོད་པ་དང་། འདུས་སྡོད་ཆུང་བ། སྣོལ་འདྲེས་སྡོད་པ་བཅས་ཀྱི་མི་རིགས་ཀྱི་མི་འབོར་ཁྱབ་ཚུལ་གྱི་བཀོད་པ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་སྟེ་འགྲོ་སྐྱོད་ཆེན་པོ་དང་མཉམ་འདྲེས་འདུས་སྡོད་ཆེ་བའི་ཁྱད་ཆོས་གསར་པ་མངོན་ཡོད། ང་ཚོས་དུས་བབ་འདི་དང་བསྟུན་ནས་ཕན་ཚུན་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཏོད་རྒྱུར་ཕན་པའི་སྲིད་ཇུས་བྱ་ཐབས་དང་སྒྲིག་སྲོལ་ལམ་སྲོལ་བཟོས་ཏེ། གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་འབྱུང་འགྱུར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། ཡུན་རིང་བཅས་ཀྱི་སྒོ་ནས་སྤེལ་ཏེ། བྱེད་སྟངས་དང་གཞི་རྟེན་གསར་གཏོད་བྱས་ནས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། སློབ་གྲྭ ལེན་ཤོག ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་རིགས་ཆེན་པོ་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ཚང་མ་ནི་མི་རིགས་མཐུན་སྒྲིལ་གྱི་དགྲ་བོ་ཆེན་པོ་ཡིན་པས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2020ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“བོད་ཀྱིས་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་ཐུབ་པའི་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་བཅས་བྱས་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

འདི་ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“སྡེ་ཁུལ་དེ་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ལ་བརྩིས་ཏེ། མི་རིགས་ཁག་གི་མི་དམངས་ཚོའི་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས”ཞེས་གསུངས་ཡོད།

འདི་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད།

ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ཏེ་བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་ཁག་གི་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་པའི་འགན་ལེན་ཏན་ཏིག་བྱེད་དགོས།

བཅའ་ཁྲིམས་ལ་བཅངས་པའི་དད་སེམས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབས་ཚེ་མི་རིགས་མཐུན་སྒྲིལ་ལ་གཞི་ནས་འགན་ལེན་ཐུབ་པ་དང་། མི་རིགས་ཀྱི་འབྲེལ་བ་གཞི་ནས་སྲ་བརྟན་དུ་གཏོང་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་ནི་མང་ཚོགས་ཀྱིས་ཁྲིམས་ལུགས་མི་ཤེས་པའམ་ཁྲིམས་ལུགས་མ་བསྲུངས་པ་ལས་ཐོན་པ་ཞིག་རེད། འགལ་བ་དང་གནད་དོན་དེ་དག་ལ‘མི་རིགས’ཞེས་ཡོད་རུང་དེ་དག་ཚང་མ་མི་རིགས་ཀྱི་གནད་དོན་མིན། མི་རིགས་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་སུ་ལའང་ཁྲིམས་ལས་འགལ་བའི་དམིགས་བསལ་དབང་ཆ་གང་ཡང་མེད་པ་གསལ་པོ་ཤེས་པར་བྱེད་དགོས”ཞེས་གསུངས་ཡོད།

2014ལོའི་ཟླ་3ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས“རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མས་མི་རིགས་མཐུན་སྒྲིལ་ཆེན་པོའི་ཆབ་སྲིད་ཀྱི་རྣམ་པར་གཅེས་སྤྲས་བྱེད་པ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོར་གནོད་པའི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་གཅོད་དང་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

2014ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས“ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ནི་ང་ཚོའི་གཅེན་གཅུང་མིང་སྲིང་ཡིན་པ་དང་། ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་དང་འཇིགས་སྐུལ་རིང་ལུགས་ནི་ང་ཚོའི་ཐུན་མོང་གི་དགྲ་བོ་རེད། གཅེན་གཅུང་མིང་སྲིང་དང་མཐུན་སྒྲིལ་བྱེད་པར་ང་ཚོས་ལྷད་མེད་བརྩེ་སེམས་འཆང་བ་དང་བློ་གཅིག་སེམས་གཅིག་བྱེད་དགོས། ཐུན་མོང་གི་དགྲ་བོར་རྡུང་རྡེག་གཏོང་བར་ང་ཚོས་མདུང་རྩེ་ཁ་སྤྲོད་བྱེད་པ་ལས་སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་རུང”ཞེས་གསུངས་ཡོད།

“ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་ནི་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་ཆེ་གཏན་འགོག སིམ་འཛུལ་བཀག་སྡོམ། ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་བཅས་རེད། 2014ལོའི་ཟླ་5ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག“དད་ལྡན་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་ཀྱི་དགོས་མཁོ་ཁྲིམས་ལྟར་འགན་ལེན་བྱེད་པ་དང་། དད་ལྡན་མང་ཚོགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་བྱེད་པ། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་རྒྱུན་ཤེས་ཁོང་དུ་ཡང་དག་ཆུད་པའི་ཁྲིམས་མཐུན་ཐབས་ལམ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། རྒྱལ་གཅེས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཆོས་ལུགས་ལས་རིགས་མི་སྣའི་བྱང་ཚད་མཐོ་རུ་བཏང་ནས་ཆོས་ལུགས་རྩ་འཛུགས་ཀྱི་འགོ་ཁྲིད་དབང་ཆ་རྒྱལ་གཅེས་ཆོས་གཅེས་མི་སྣའི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2014ལོའི་ཟླ་9ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག“ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་བ་ནན་པོ་ཕྱེ་ནས་གནད་དོན་གང་ཞིག་ཡིན་ན་གནད་དོན་དེར་གཞིགས་ནས་ཐག་གཅོད་བྱེད་དགོས་པ་ལས་དོ་བདག་གི་ཐོབ་ཐང་ལག་ཁྱེར་ཐོག‘མི་རིགས་ག་གེ་མོ’བྲིས་པའི་རྐྱེན་གྱིས་ཐེ་ཚོམ་བྱེད་པ་དང་། གཡོལ་ནས་འགྲོ་བ། ཐག་གཅོད་བྱེད་དུས་བྱ་དཀའ་བྱེད་གཏད་དུ་འགྱུར་བ་བཅས་བྱེད་མི་རུང་། མི་རིགས་དབར་གྱི་འབྲེལ་བར་རྐང་བཙུགས་ནས་དཀྲུག་ཤིང་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཉེས་གསོག་པ་ཉུང་ཤས་དང་། མི་རིགས་ཁ་ཕྲལ་དང་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་སྤེལ་མཁན་ཉེས་གསོག་པར་མི་རིགས་གང་ཞིག་ཡིན་པ་དང་ཆོས་ལུགས་གང་ཞིག་ལ་དད་པ་བྱེད་ཀྱི་ཡོད་པར་མི་བལྟོས་པར་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ལས་དོན་ནི་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཧ་ཅང་ཆེ་བའི་ལས་དོན་ཞིག་རེད། ཆབ་སྲིད་ཐོག་ནས་མི་རིགས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་དང་མི་རིགས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཅི་ཞིག་ནི་མི་རིགས་ཀྱི་གནད་དོན་ཡིན་པ་དང་། ཅི་ཞིག་ནི་མི་རིགས་ཀྱི་གནད་དོན་མིན་པ་དབྱེ་བ་གསལ་པོ་འབྱེད་དགོས་ན། མི་རིགས་ཀྱི་གནད་དོན་མིན་པའི་གནད་དོན་དེ་མི་རིགས་ཀྱི་གནད་དོན་ལ་བརྩིས་ནས་ཐག་གཅོད་བྱེད་མི་རུང་ལ། མི་རིགས་ཀྱི་གནད་དོན་ཡིན་པ་དེ་མི་རིགས་ཀྱི་གནད་དོན་ལ་མ་བརྩིས་པར་ཐག་གཅོད་ཀྱང་བྱེད་མི་རུང་བར་གནད་དོན་གང་ཞིག་ཡིན་ན་གནད་དོན་དེར་གཞིགས་ནས་ཐག་གཅོད་བྱེད་པ་དང་། ཆབ་སྲིད་ཀྱི་རྩ་དོན་ལ་སྣང་ཆེན་དང་། སྲིད་ཇུས་དང་ཐབས་ཇུས་ལ་སྣང་ཆེན། ཁྲིམས་སྐྱོང་ཚད་ལྡན་ལ་སྣང་ཆེན་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2015ལོའི་ཟླ་3ཚེས་8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འདྲ་མཉམ་དང་གོ་རིམ་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བཏོད་ནས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་འཇོག་པ་དང་། མཐའ་མཚམས་ཀྱི་སྒྲིག་ལམ་ལ་ཁྲིམས་ལྟར་ལྟ་འདོམས་བྱེད་པ། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་དང་ལས་དོན་མི་སྣ་ཚང་མས་ཁྲིམས་སྐྱོང་གི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་ཡོད་ན་ངེས་པར་དུ་དེར་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་བྱེད་ཐབས་སྤྱོད་མཁས་པོ་བྱས་ཏེ་ལས་དོན་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་དགོས”ཞེས་གསུངས་ཡོད།

“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད” 2015ལོའི་ཟླ་8ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ཁྲིམས་ལྟར་བོད་སྐྱོང་བར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2016ལོའི་ཟླ་4ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག“ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་བཅའ་ཁྲིམས་ལ་བརྟེན་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་སྙོམས་སྒྲིག་བྱེད་དགོས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱལ་ཁྲིམས་དང་སྡོམ་ཁྲིམས་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱ་རྒྱུ་དང་ཐག་གཅོད་ཡང་དག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས”ཞེས་གསུངས་ཡོད།

2016ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས“ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིམས་བཀུར་ཁྲིམས་སྲུང་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། ཁྲིམས་འགལ་གྱི་ཆོས་ལུགས་སིམ་འཛུལ་བྱེད་སྤྱོད་མཐའ་གཅིག་ཏུ་འགོག་པ་བཅས་བྱས་ནས་ཆོས་ལུགས་ལམ་ལྷོངས་དང་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

2017ལོའི་ཟླ་10ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“སིམ་འཛུལ་དང་། རྩ་སློག གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད། མི་རིགས་ཁ་ཕྲལ་གྱི་བྱེད་སྤྱོད། ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྤྱོད་བཅས་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

2019ལོའི་ཟླ་9ཚེས་27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག“མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡོང་བའི་འགན་ལེན་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས། ཉེ་རིང་ཕྱོགས་རིས་མེད་པ་དང་བཅའ་ཁྲིམས་ལ་གཞི་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་ཀྱིས་འདྲ་མཉམ་ངང་དབང་ཆ་ལོངས་སུ་སྤྱོད་ཐུབ་པ་དང་འོས་འགན་འདྲ་མཉམ་ངང་ལག་བསྟར་བྱེད་ཐུབ་པའི་འགན་ལེན་བྱས་ཁར། མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། སིམ་འཛུལ་དང་། རྩ་སློག གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད། མི་རིགས་ཁ་ཕྲལ་གྱི་བྱེད་སྤྱོད། ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྤྱོད་བཅས་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས”ཞེས་གསུངས་ཡོད།

2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ཤིན་ཅང་གི་ལས་དོན་ཡག་པོ་བསྒྲུབས་པར། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་པོས་ལག་ལེན་བསྟར་བ་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། ཁྲིམས་ལྟར་ཤིན་སྐྱོང་དང་། མཐུན་སྒྲིལ་ཤིན་བརྟན། རིག་གནས་ཤིན་ཕྱུག དམངས་ཕྱུག་ཤིན་དར། ཡུན་རིང་ཤིན་སྐྲུན་བཅས་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་འཆམ་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

ད་ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རིང་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུ་དེ་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཚད་ཀྱང་ཡིན། བསམ་འདུན་དང་དམིགས་ཚད་འདི་མངོན་འགྱུར་བྱེད་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ། རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་པ། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ། སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་བཅས་བྱས་ཚེ། ཞུམ་མེད་མདུན་སྐྱོད་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་དང་། མདུན་སྐྱོད་ཀྱི་ལམ་བུའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཡོང་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།